ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་གསར་འགྱུར་ལས་རིགས་ཀྱིས་ལྷོ་བྱང་གི་འབྲེལ་བ་དེ་ཁྲའོ་ཞན་དང་ཨ་མེ་རི་ཁའི་འབྲེལ་བའི་ཟུར་གཏོགས་སུ་འགྱུར་མི་རུང་བའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་ཚགས་པར་ངལ་རྩོལ་གསར་འགྱུར་གྱིས་ཚེས་གསུམ་ཉིན་དཔྱད་བརྗོད་རྩོམ་ཡིག་སྤེལ་ཏེ། ལྷོ་བྱང་གི་འབྲེལ་བ་དེ་ཁྲའོ་ཞན་དང་ཨ་མེ་རི་ཁའི་འབྲེལ་བའི་ཟུར་གཏོགས་སུ་འགྱུར་མི་རུང་བ་ནན་བཤད་བྱས་པ་དང་། ཨ་མེ་རི་ཁས་ལྷོ་བྱང་འབྲེལ་བའི་འཕེལ་རྒྱས་མྱུར་ཚད་ལ་ཐེ་གཏོགས་བྱས་པ་དང་། ཁྲའོ་ཞན་དགྲ་རུ་འཛིན་པའི་སྲིད་ཇུས་རྒྱུན་འཁྱོངས་བྱས་པར་སྐྱོན་བརྗོད་བྱས་པར་མ་ཟད། ལྷོ་བྱང་ཕྱོགས་གཉིས་ཀྱིས་སྤོབས་པ་ཆེན་པོས་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཡར་སྐུལ་གཏོང་དགོས་པའི་འབོད་སྐུལ་བཏང་། 

རྩོམ་ཡིག་ལས་བསྟན་དོན། དེང་སྐབས་མི་རིགས་ཡོངས་ཀྱིས་ལྷོ་བྱང་འབྲེལ་བར་གྲུབ་འབྲས་སྔར་ལས་ཆེན་པོ་འབྱུང་བར་རེ་སྒུག་བྱེད་པའི་སྐབས་སུ། ཝ་ཧྲིན་ཐོན་ཆབ་སྲིད་ལས་རིགས་ཀྱིས་སྔར་བཞིན་ལྷོ་བྱང་འབྲེལ་བ་དེ་ཁྲའོ་ཞན་དང་ཨ་མེ་རི་ཁའི་འབྲེལ་བའི་མདུན་དུ་འགྲོ་མི་རུང་བ་དང་། ལྷོ་བྱང་འབྲེལ་བ་དེར་ཁྲའོ་ཞན་དང་ཨ་མེ་རི་ཁའི་ཉིང་རྡུལ་ནུས་པ་མེད་པར་གཏོང་བའི་གྲོས་མོལ་དང་མཉམ་དུ་སྐུལ་འདེད་གཏོང་དགོས་པ་སོགས་ཀྱི་རེ་བ་འདོན་བཞིན་ཡོད། 

རྩོམ་ཡིག་ལས་བསྟན་དོན། ན་ནིང་ལྷོ་བྱང་འབྲེལ་བར་ཧ་ལས་པའི་འགྱུར་ལྡོག་བྱུང་ཡང་། ཞིབ་ཏུ་བསམ་ན་སྔར་བཞིན་རྣམ་པ་ཙམ་ལས་ནང་དོན་མེད་པའི་རྣམ་པར་གནས་འདུག ལྷོ་བྱང་ཕྱོགས་གཉིས་ཀྱིས་བཀོད་པའི་གྲོས་མཐུན་མང་བོར་དོན་དངོས་ཀྱི་ལག་བསྟར་ཁྲོད་གནད་དོན་མང་བོ་ཡོད། དེའི་རྒྱུ་མཚན་ནི་ཨ་མེ་རི་ཁའི་ཕྱི་ཚུལ་ནས་ལྷོ་བྱང་འབྲེལ་བ་ལེགས་བཅོས་འབྱུང་བར་རྒྱབ་སྐྱོར་བྱེད་ཀྱང་། དོན་དངོས་སུ་དེར་བར་ཆད་བཟོ་བཞིན་ཡོད་པས་རེད་ཟེར། 

རྩོམ་ཡིག་ལས་བཤད་རྒྱུར། ཨ་མེ་རི་ཁའི་རྣམ་འགྱུར་དེ་འདྲའི་འབྱུང་རྩ་ནི་ཁྲའོ་ཞན་དགྲ་རུ་འཛིན་པའི་སྲིད་ཇུས་ལེགས་བཅོས་མ་བྱས་པར་འབྲེལ་བ་ཡོད། དངོས་ཡོད་ལས་མངོན་པ་ལྟར་ན། ཨ་མེ་རི་ཁས་རང་སྟེང་གི་འཐབ་ཇུས་ཁེ་ཕན་དབང་གིས་ཁྲའོ་ཞན་བར་གྲོས་མོལ་བྱས་ཀྱང་། ཁྲའོ་ཞན་བར་འབྲེལ་བ་བཟང་བོ་གསར་དུ་འཛུགས་པའི་ཆེད་མ་ཡིན་པས། ཁྲའོ་ཞན་གྱི་ཉིང་རྡུལ་མཚོན་ཆ་འཕྲོག་ལེན་བྱས་ནས་ཁྲའོ་ཞན་ཕམ་ཉེས་སུ་གཏོང་འདོད་པ་ཙམ་རེད་ཟེར། 

རྩོམ་ཡིག་ལས་བཤད་རྒྱུར། ལྷོ་བྱང་འབྲེལ་བ་དེ་ཨ་མེ་རི་ཁའི་ཁྲའོ་ཞན་དགྲ་རུ་འཛིན་པའི་སྲིད་ཇུས་ཀྱི་ཟུར་གཏོགས་འགྲོ་སོང་དུ་འགྱུར་མི་རུང་ལ། ལྷོ་བྱང་ཕྱོགས་གཉིས་ཀྱིས་སྔར་ལས་སྤོབས་པ་ཆེན་པོས་ལྷོ་བྱང་གི་འབྲེལ་བའི་འཕེལ་རྒྱས་ལ་ཡར་སྐུལ་གཏོང་དགོས། ཨ་མེ་རི་ཁས་ཀྱང་ལྷོ་བྱང་འབྲེལ་བའི་ཐད་དུས་ཡོལ་བསམ་བློ་འཛིན་མི་རུང་བ་དང་། ལྷོ་བྱང་འབྲེལ་བས་ཨ་མེ་རི་ཁའི་འཐབ་ཇུས་ཁེ་ཕན་ལ་གནོད་མི་སྲིད་པར་མ་ཟད། དེ་ལས་ལྡོག་སྟེ་ཕན་ཐོགས་འབྱུང་ངེས་རེད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།