ཀྲུང་གོ་བོད་ཀྱི་དྲ་བ།

ལེ་པཱ་ནུན་གྱི་ཙུང་ཐུང་གིས་ཨ་རབ་དཔལ་འབྱོར་མཐོ་རིམ་གྲོས་ཚོགས་དུས་ལྟར་སྤེལ་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ལེ་པཱ་ནུན་གྱི་ཙུང་ཐུང་ཨོ་ཨིན་གྱིས་ཚེས་བདུན་ཉིན་བསྟན་དོན། ཟླ་འདིའི་ཟླ་སྨད་དུ་ལེ་པཱ་ནུན་ནས་སྤེལ་བར་ཐག་བཅད་པའི་ཨ་རབ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཐོ་རིམ་གྲོས་ཚོགས་དེ་དུས་ལྟར་སྤེལ་རྒྱུ་ཡིན་ཟེར། 

ཨོ་ཨིན་གྱིས་ལེ་པཱ་ནུན་གྱི་ཙུང་ཐུང་བཞུགས་ཤག་ནས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ལེ་པཱ་ནུན་གྱི་སྲིད་གཞུང་གསར་བ་སྟོང་བར་གྱུར་བ་དེ་མཐོ་རིམ་གྲོས་ཚོགས་རྗེས་སུ་སྣུར་བའི་རྒྱུ་མཚན་དུ་འགྱུར་མི་རུང་བ་དང་། ལེ་པཱ་ནུན་གྱི་ལྟ་སྐྱོང་སྲིད་གཞུང་གིས་སྔར་བཞིན་རྩ་ཁྲིམས་གཞིར་བཟུང་ནས་འགན་འཁྲི་ལག་བསྟར་བྱེད་དགོས་ཟེར། ཁོས་ནན་གྱིས་བསྟན་དོན། མཐོ་རིམ་གྲོས་ཚོགས་ཀྱི་གྲ་སྒྲིག་བྱ་བ་ཡོད་ཚད་ཡོངས་འགྲུབ་བྱས་ཡོད་ལ། ལེ་པཱ་ནུན་གྱིས་ཨ་རབ་རྒྱལ་ཁབ་དག་གི་མགོ་ཁྲིད་པར་བསུ་བ་བྱེད་པར་གྲ་སྒྲིག་བྱས་ཡོད་ཟེར། 

ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དཔལ་འབྱོར་ཐད་ཀྱི་མཐོ་རིམ་གྲོས་ཚོགས་ཡིན་པའི་ཆ་ནས། སྐབས་ཐོག་མའི་ཨ་རབ་དཔལ་འབྱོར་མཐོ་རིམ་གྲོས་ཚོགས་དེ་ཉིས་སྟོང་དགུའི་ལོར་ཁི་ཝེ་ཐི་ནས་སྤེལ་བ་དང་། དེའི་རྗེས་ཀྱི་མཐོ་རིམ་གྲོས་ཚོགས་སྐབས་གཉིས་སོ་སོར་ཉིས་སྟོང་བཅུ་གཅིག་ལོ་དང་ཉིས་སྟོང་བཅུ་གསུམ་ལོར་ཨེ་ཅིབ་དང་སོ་ཏི་ཨ་རབ་ནས་སྤེལ་བ་རེད། སྐབས་བཞི་བའི་ཨ་རབ་དཔལ་འབྱོར་མཐོ་རིམ་གྲོས་ཚོགས་དེ་ཟླ་འདིའི་ཚེས་བཅུ་དགུ་ཉིན་དང་ཚེས་ཉི་ཤུ་ཉིན་ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐི་ནས་སྤེལ་རྒྱུའི་ཐག་བཅད་ཡོད། 

སྨྱན་བྱད་ལ་ལས་ཉེ་སྔོན་བསྒྲགས་པ་ལྟར་ན། ལེ་པཱ་ནུན་གྱིས་སྲིད་གཞུང་གསར་བ་རྩ་འཛུགས་བྱེད་མ་ཐུབ་པས། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཁྲུའུ་ཡིས་སྐབས་འདིའི་དཔལ་འབྱོར་མཐོ་རིམ་གྲོས་ཚོགས་ཕྱིར་འགྱངས་བྱེད་མིན་ལ་གྲོས་བསྡུར་བྱེད་བཞིན་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།