ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ཞི་ཁོའི་སྣུམ་འདྲེན་སྒྲིག་ཆས་ལ་འགས་གཏོར་བྱུང་སྟེ་མི་གྱ་དགུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མའོ་ཞི་ཁོའི་འཕྲོད་བསྟེན་པུའུ་ཀྲང་ཨ་ཨར་ཁི་སེ་ཨར་གྱིས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། མའོ་ཞི་ཁིའི་དབྱེ་ཏཱ་ཨར་ཀི་ཀྲིག་ནས་ཚེས་བཅོ་བརྒྱད་ཉིན་བྱུང་བའི་སྣུམ་འདྲེན་སྒྲིག་ཆས་ཀྱི་འགས་གཏོར་དོན་རྐྱེན་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་མི་གྱ་དགུར་བསླེབ་ཡོད་པ་དང་། གཞན་ཡང་མི་བཅུ་ཕྲག་འགར་རྨས་ཕོག་ཡོད། མའོ་ཞི་ཁོའི་ཞིབ་དཔྱོད་ཕྱོགས་ཀྱིས་འགས་གཏོར་དོན་རྐྱེན་དེ་ནག་ཉེས་ཚོགས་ཁག་བར་འབྲེལ་བ་ཡོད་མིན་ལ་རྟོག་ཞིབ་བྱེད་བཞིན་ཡོད། 

ཨ་ཨར་ཁི་སེ་ཨར་གྱིས་ཉིན་དེར་རྒྱལ་ས་མའོ་ཞི་ཁི་མཁར་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། སྣུམ་འདྲེན་སྒྲིག་ཆས་ལ་འགས་གཏོར་བྱུང་བའི་དོན་རྐྱེན་ལས་མི་གྱ་དགུ་རྐྱེན་ལམ་དུ་ཤོར་བ་དང་། མིག་སྔར་ད་རུང་མི་རེ་ལྔ་གར་སོང་རྙེད་མེད། རྨས་མ་ང་གཅིག་ལ་མའོ་ཞི་ཁིའི་སྨན་ཁང་མི་འདྲ་བར་གསོ་བཅོས་བྱེད་བཞིན་ཡོད། གཞན་ཡང་རྨས་སྐྱོན་ཚབས་ཆེ་བའི་མི་རེ་འགའ་ཨ་མེ་རི་ཁར་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར། 

དབྱེ་ཏཱ་ཨར་ཀི་ཀྲིག་ཐི་ལཱ་ཝེ་ལེ་ཨར་ཕན་གྲོང་ཁྱེར་གྱི་སྣུམ་འདྲེན་སྒྲིག་ཆས་ཤིག་ལ་ཚེས་བཅོ་བརྒྱད་ཉིན་ཐོབ་ཐང་གསལ་བོར་མི་ཤེས་པའི་ཁྲིམས་འགལ་ཉེས་ཅན་གྱིས་སྣུམ་བརྐུས་པའི་དོན་རྐྱེན་བྱུང་བ་དང་། དེའི་རྗེས་སུ་འགས་གཏོར་བྱུང་ནས་མི་མང་བོར་ཤི་རྨས་ཐེབས་པ་རེད། ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དོན་རྐྱེན་བྱུང་སྐབས་ཡུལ་དངོས་སུ་མང་ཚོགས་དྲུག་བརྒྱ་དང་བརྒྱད་བརྒྱ་འདུས་ཡོད་པ་དང་། མི་མང་བོའི་རྨས་སྐྱོན་ཚབས་ཆེན་ཡིན་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།