ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲི་རི་ཡཱའི་སྡེ་བ་ཞིག་ནས་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བརྒྱ་དང་སུམ་ཅུ་ལྷག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནེ་ཀྲི་རི་ཡཱའི་དཔོན་ཕྱོགས་ཀྱིས་ཚེས་བཅུ་དགུའི་ཉིན་བཤད་རྒྱུར། གཟའ་འཁོར་སྔོན་མར་ནེ་ཀྲི་རི་ཡཱའི་བྱང་ཕྱོགས་ཀྱི་ཁཱ་ཏུའུ་ནཱ་ཀྲིག་གི་སྡེ་བ་མང་བོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། མིག་སྔར་མི་བརྒྱ་དང་སུམ་ཅུ་ལྷག་རྐྱེན་ལམ་དུ་ཤོར་ཡོད་ཟེར། 

ཁཱ་ཏུའུ་ནཱ་ཀྲིག་གི་ཀྲིག་ཀྲང་ལུའུ་ཧྥ་དབྱེ་ཡིས་ཚེས་བཅུ་དགུའི་ཉིན་རྒྱལ་ས་ཨ་པུའུ་ཅཱ་ནས་ནེ་ཀྲི་རི་ཡཱའི་ཙུང་ཐུང་པུའུ་ཧཱ་ལི་ཡིས་བསྡུས་པའི་བདེ་འཇགས་གྲོས་ཚོགས་ལ་ཞུགས་རྗེས་གསར་འགོད་པར་བཤད་རྒྱུར། འཇབ་རྒོལ་ཐེབས་པའི་སྡེ་བ་དག་གིས་ཀྲིག་སྲིད་གཞུང་ལ་གནོད་ཐེབས་མི་སྣའི་མིང་ཐོ་འདོན་སྤྲོད་བྱས་ཡོད་པ་དང་། མི་འགྱངས་པར་གསར་འགྱུར་ལས་རིགས་ལ་ཁྱབ་སྒྲོག་བྱེད་རྒྱུ་ཡིན་ཟེར། ཁོས་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་བཟོ་མཁན་གྱི་དམིགས་ཡུལ་ནི་སྡེ་བའི་གང་རུང་གི་སྡོད་དམངས་ཚར་གཅོད་བྱེད་རྩིས་ཡིན་པར་བཤད་ཀྱང་། འཇབ་རྒོལ་མཁན་གྱི་ཐོབ་ཐང་གསལ་བོར་བཤད་མེད། 

གཞན་ཡང་ཁཱ་ཏུའུ་ནཱ་ཀྲིག་གི་ཉེན་རྟོག་ཕྱོགས་ཀྱི་འགན་ཁུར་བས་མཚམས་སྦྱོར་བྱས་དོན། མིག་སྔར་འཇབ་རྒོལ་ལ་ཞུགས་པའི་དོགས་ཡོད་ཉེས་ཅན་བཅུ་གཅིག་ཉེན་རྟོག་ཕྱོགས་ཀྱིས་འཛིན་བཟུང་བྱས་ཡོད་པ་དང་། འབྲེལ་ཡོད་རྟོག་ཞིབ་བྱ་བ་སྤེལ་བཞིན་པའི་སྒང་ཡིན། 

ཟླ་འདིའི་ཚེས་བཅོ་ལྔ་ཉིན། ཁཱ་ཏུའུ་ནཱ་ཀྲིག་གི་སྡེ་བ་བརྒྱད་ལ་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་མི་སྣའི་འཇབ་རྒོལ་ཐེབས་པ་དང་། ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་བྱུང་བའི་ཉིན་དེར་བེམ་པོ་རེ་དྲུག་རྙེད། དེའི་ནང་བྱིས་པ་ཉེར་གཉིས་འདུས་པ་རེད། 

ནེ་ཀྲི་རི་ཡཱ་ཡིས་ཚེས་བཅུ་དྲུག་ཉིན་སྤེལ་རྒྱུ་གཏན་འཁེལ་བྱས་པའི་ཙུང་ཐུང་གི་འདེམ་བསྐོའི་བྱ་འགུལ་དེ་ཚེས་ཉེར་གསུམ་ཉིན་བར་རྗེས་སུ་སྣུར་ཡོད། ད་ལོའི་ཟླ་དང་པོར། ནེ་ཀྲི་རི་ཡཱའི་སྲིད་གཞུང་གིས་བདེ་འཇགས་ཉེན་བརྡ་བཏང་སྟེ། འདེམ་བསྐོ་ཆེན་མོའི་སྔ་གཞུག་ཏུ་དྲག་ཤུགས་དོན་རྐྱེན་འབྱུང་སྲིད་པའི་ས་ཁུལ་ཁྱབ་སྒྲོག་བྱས་ཡོད་ལ། ཁཱ་ཏུའུ་ནཱ་ཀྲིག་དེའི་གྲས་སུ་ཡོད་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།