ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་གྱིས་ཨོ་ཏི་ཨ་རབ་ཏུ་འཚམས་འདྲི་བྱས་ཏེ་ཡེ་མིན་གྱི་ཞི་བདེ་འཕེལ་རིམ་ལ་ཡར་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ཧིན་ཐི་ཡིས་ཚེས་གཉིས་ཉིན་སོ་ཏི་ཨ་རབ་རྒྱལ་ཁབ་ཏུ་འཚམས་འདྲི་བྱས་ཏེ། སོ་ཏི་ཨ་རབ་ཀྱི་དཔོན་རིགས་དང་མཉམ་དུ་གཙོ་བོ་ཡེ་མིན་གནད་དོན་དང་ཞི་བདེ་མངོན་འགྱུར་བྱེད་པའི་གལ་ཆེན་རང་བཞིན་ལ་གྲོས་བསྡུར་བྱས། 

བསྒྲགས་པ་ལྟར་ན། ཧིན་ཐི་ཡིས་ཉིན་དེར་ལེ་ཡཱ་ཏི་ནས་སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཨ་སཱ་ཧྥུའུ་དང་ཕྱི་འབྲེལ་ལས་དོན་གྱི་རྒྱལ་སྲིད་བློན་ཆེན་ཀྲུའུ་པེད་ཨར་གཉིས་ལ་ཐུག་འཕྲད་བྱས། ཧིན་ཐི་ཡིས་བསྟན་དོན། ཁོ་དང་ཀྲུའུ་པེད་ཨར་གཉིས་ཀྱིས་གཅིག་གྱུར་སྒོས་བལྟས་ན། སི་ཏི་ཀི་ཨར་མའོ་གྲོས་མཐུན་དེ་དུས་ཡུན་རིང་བོར་དངོས་འབེབ་བྱེད་མ་ཐུབ་པ་དང་། དྲག་ཆས་སྟོབས་ཤུགས་ཚང་མ་མྱུར་དུ་ཡེ་མིན་གྱི་ཧི་ཐེ་ཏཱ་ནས་ཕྱིར་འཐེན་བྱས་ཏེ། མི་ཆོས་རིང་ལུགས་ཀྱི་རྒྱུ་ལམ་ཞིག་འབྱེད་པར་སྟབས་བདེ་བཟོ་དགོས་པའི་འབོད་སྐུལ་བཏང་། 

ཉིན་དེའི་སྔ་དྲོར། ཧིན་ཐི་ཡིས་ལེ་ཡཱ་ཏི་ནས་ཡེ་མིན་གྱི་ཙུང་ཐུང་ཧཱ་ཏིས་དང་གྲོས་མོལ་བྱེད་སྐབས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མགོ་འཛིན་བྱེད་པའི་ཡེ་མིན་གྱི་ཞི་བདེའི་གྲོས་མོལ་གྱི་གྲུབ་འབྲས་ཧ་ཅང་ཆུང་བ་དང་། ཕྱོགས་སོ་སོའི་བར་གྱི་ཡིད་ཆེས་ཉམས་པས་སི་ཏི་ཀི་ཨར་མའོ་གྲོས་མཐུན་དངོས་འབེབ་བྱེད་པར་དུས་ཡུན་རིང་བོ་འགོར་ཡོད་ཀྱང་། མིག་སྔར་དེ་ལས་ལྷག་པའི་ཇུས་གཞི་མེད་པས་ངེས་པར་དུ་མྱུར་མོར་འགུལ་སྐྱོད་སྤེལ་དགོས་ཟེར། 

ཧིན་ཐི་ཡིས་ཐེངས་འདིར་འཚམས་འདྲི་བྱེད་པའི་རྒྱལ་ཁབ་ལ་ཨ་མན་དང་སོ་ཏི་ཨ་རབ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བཅས་འདུས་པ་དང་། དམིགས་ཡུལ་ནི་ཡེ་མིན་གྱི་ཞི་བདེའི་འཕེལ་རིམ་ལ་སྐུལ་འདེད་བཏང་སྟེ། སི་ཏི་ཀི་ཨར་མའོ་གྲོས་མཐུན་དངོས་འབེབ་བྱེད་པར་སྐུལ་མ་གཏོང་བའི་ཆེད་རེད། ཚེས་གཅིག་ཉིན་ཧིན་ཐི་ཡིས་ཨ་མན་དུ་འཚམས་འདྲི་བྱས་པར་མ་ཟད། མཱ་སི་ཁཱ་ཐི་ནས་ཡེ་མིན་ཧུའུ་སེ་དྲག་ཆས་པའི་མགྲིན་ཚབ་པར་ཐུག་འཕྲད་བྱས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།