ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་བྱང་ཕྱོགས་ཀྱི་གྲོང་ཁྱེར་ནས་མུ་འབྲེལ་འགས་གཏོར་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་གསུམ་རྐྱེན་ལམ་དུ་ཤོར།

    སྤེལ་དུས། : 2019-05-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་དམག་ཕྱོགས་ཀྱིས་ཟླ་ལྔ་བའི་ཚེས་སུམ་ཅུའི་ཉིན་བསྟན་དོན། དབྱི་རག་བྱང་ཕྱོགས་ཀྱི་ཅི་ཨར་ཁུའུ་ཁི་གྲོང་ཁྱེར་དུ་ཉིན་དེའི་དགོང་མོར་མུ་འབྲེལ་འགས་གཏོར་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་དྲུག་ལ་རྨས་ཕོག་ཟེར། 

དབྱི་རག་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། ཅི་ཨར་ཁུའུ་ཁི་གྲོང་ཁྱེར་ལྟེ་གནས་ཀྱི་གཞུང་ལམ་གཙོ་བོ་གསུམ་དུ་ཉིན་དེའི་དགོང་མོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐེངས་དྲུག་བྱུང་སྟེ། ཉུང་མཐར་ཡང་མི་སེར་དཀྱུས་མ་དང་བདེ་འཇགས་མི་སྣ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅུ་དྲུག་ལ་རྨས་ཕོག་ཡོད་ཟེར། 

ཅི་ཨར་ཁུའུ་ཁི་གྲོང་ཁྱེར་གྱི་ཉེན་རྟོག་དཔོན་པོ་ཀྲུའུ་པུའུ་ལི་ཡིས་ཤི་རྨས་ཐེབས་པའི་མི་སྣའི་གྲས་སུ་ཉེན་རྟོག་པ་འགའ་ཡོད་པ་ཁས་ལེན་བྱས། འགས་གཏོར་དོན་རྐྱེན་བྱུང་རྗེས་དབྱི་རག་བདེ་འཇགས་དམག་དཔུང་གིས་ཡུལ་དེའི་གཞུང་ལམ་བཀག་སྡོམ་བྱས་ནས་འགས་གཏོར་དོན་རྐྱེན་དེ་ལ་རྟོག་ཞིབ་བྱེད་མགོ་བརྩམས། 

མིག་སྔར་རྩ་འཛུགས་གང་རུང་གིས་མུ་འབྲེལ་འགས་གཏོར་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་སྔོན་ཆད་རྒྱུན་པར་དབྱི་རག་གི་མངའ་ཁོངས་སུ་རིགས་དེ་མཚུངས་ཀྱི་འཇབ་རྒོལ་དོན་རྐྱེན་བཟོ་བཞིན་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།