ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ཞི་ཁོའི་ཙུང་ཐུང་གིས་ཐི་ལིང་ཕུའུ་ཡིས་གྲོས་མོལ་ལ་བརྟེན་ནས་གནས་སྤོར་སྡོད་དམངས་ཀྱི་རྩོད་གླེང་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁས་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཀྱི་གནད་དོན་ཐད་ནས་མའོ་ཞི་ཁོ་ལ་སྒོ་ཁྲལ་ཁ་སྣོན་བྱེད་རྒྱུའི་འཆར་གཞིར་དམིགས་ཏེ། མའོ་ཞི་ཁོའི་ཙུང་ཐུང་ལོ་ཕའེ་སི་ཡིས་ཟླ་ལྔ་བའི་ཚེས་སུམ་ཅུའི་ཉིན་ཐི་ལིང་ཕུའུ་ལ་འཕྲིན་ཡིག་བསྐུར་ཏེ་བསྟན་དོན། མའོ་ཞི་ཁོ་ཡིས་ཨ་མེ་རི་ཁའི་བར་འཁྲུག་རྩོད་བྱེད་འདོད་མེད་པ་དང་། རྒྱལ་ཁབ་གཉིས་ཀྱི་གྲོས་མོལ་ལ་བརྟེན་ནས་སེམས་ཆུང་དང་འགན་ཁུར་བའི་རྣམ་འགྱུར་གྱིས་གནས་སྤོར་སྡོད་དམངས་ཀྱི་གནད་དོན་རྩོད་གླེང་ཐག་གཅོད་བྱེད་དགོས་པའི་འདོད་བློ་བཏོན་ཡོད་ཟེར། 

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཟླ་ལྔ་བའི་ཚེས་སུམ་ཅུའི་ཉིན་ཁྱབ་སྒྲོག་བྱས་དོ། ཨ་མེ་རི་ཁས་ཟླ་དྲུག་པའི་ཚེས་བཅུ་ཉིན་ནས་བཟུང་མའོ་ཞི་ཁོ་རུ་ཨ་མེ་རི་ཁའི་ཚོང་རྫས་ཕྱིར་གཏོང་བྱས་ན་སྒོ་ཁྲལ་བརྒྱ་ཆའི་ལྔ་ཁ་སྣོན་བྱས་ཏེ། མའོ་ཞི་ཁོ་ཡིས་ཨ་མེ་རི་ཁ་དང་མའོ་ཞི་ཁོའི་མཐའ་མཚམས་བརྒྱུད་དེ་ཨ་མེ་རི་ཁའི་མངའ་ཁོངས་སུ་ཡོང་བའི་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཀྱི་གནད་དོན་ཐག་གཅོད་བྱེད་པར་བཙན་སྐུལ་བྱེད་རྒྱུ་ཡིན་ཟེར། མའོ་ཞི་ཁོ་སྲིད་གཞུང་གིས་ཉིན་དེར་དེའི་ལན་དུ། གལ་ཏེ་ཨ་མེ་རི་ཁ་ཕྱོགས་ཀྱིས་སྒོ་ཁྲལ་ཁ་སྣོན་བྱེད་པའི་བྱེད་ཐབས་ནུས་ལྡན་དུ་གྱུར་ན། མའོ་ཞི་ཁོ་ཕྱོགས་ཀྱིས་བྱེད་ཐབས་ནུས་ལྡན་སྤྱད་དེ་རྒོལ་ལན་སྤྲོད་ངེས་ཡིན་ཟེར། 

ལོ་ཕའེ་སི་ཡིས་ཟླ་ལྔ་བའི་ཚེས་སུམ་ཅུའི་ཉིན་ཐི་ལིང་ཕུའུ་ལ་བསྐུར་བའི་འཕྲིན་ཡིག་ཅིག་སྤེལ། ཁོས་འཕྲིན་ཡིག་ནང་དུ་ཐི་ལིང་ཕུའུ་ཡིས་གྲོས་མོལ་ལ་ཤུགས་སྣོན་བྱས་ཏེ། གནས་སྤོར་སྡོད་དམངས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་གཞི་རྩའི་བྱེད་ཐབས་འཚོལ་ཞིབ་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་བསྟན་དོན། རྒྱལ་ཁབ་གཉིས་བར་འཁྲུག་རྩོད་དང་འཐབ་འཁྲུག་མི་འབྱུང་བའི་ཆེད་དུ་ཁྲག་ལན་ཁྲག་གིས་འཇལ་བའི་བྱེད་ཐབས་བསྐྱུར་དགོས་ཟེར། 

ལོ་ཕའེ་སི་ཡིས་བཤད་རྒྱུར། སྤྱི་ཚོགས་གནད་དོན་དེ་སྒོ་ཁྲལ་དང་ཡང་ན་བཙན་ཤེད་ཀྱི་བྱེད་ཐབས་ལ་བརྟེན་ནས་ཐག་གཅོད་བྱེད་ཐབས་མེད། མའོ་ཞི་ཁོའི་སྲིད་གཞུང་གིས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཐོན་སྐྱེད་ཀྱི་དངུལ་གཏོང་ཇེ་མང་དུ་བཏང་ནས་ལས་ཞུགས་གསར་སྐྲུན་ལ་སྐུལ་མ་གཏོང་བཞིན་ཡོད་ལ། རྩ་བའི་ཐོག་ནས་གནས་སྤོར་སྡོད་དམངས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་རེ་བ་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།