ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལིང་ཕུའུ་ཡིས་དབྱིན་ཇིའི་བར་ཕྱོགས་གཉིས་ཀྱི་ཉོ་ཚོང་གྲོས་ཆོད་འགོད་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱིན་ཇི་རུ་འཚམས་འདྲི་བྱེད་བཞིན་པའི་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་བཞིའི་ཉིན་བཤད་རྒྱུར། ཁོས་དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་བྲལ་རྗེས་དེའི་བར་དགའ་འོས་པའི་ཕྱོགས་གཉིས་ཀྱི་ཉོ་ཚོང་གྲོས་ཆོད་འགོད་འདོད་ཡོད་ཟེར། 

ཐི་ལིང་ཕུའུ་ཡིས་ཉིན་དེར་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐི་ལོས་ཧྲ་མཱེ་དང་མཉམ་དུ་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་གོང་གི་སྐད་ཆ་དེ་བཤད་པ་རེད། ཁོས་ནན་གྱིས་བསྟན་དོན། གྲོས་ཆོད་ཀྱི་བྱེ་བྲག་གི་ནང་དོན་ལ་གྲོས་མོལ་བྱས་ཏེ་གཏན་འཁེལ་བྱ་དགོས་ཟེར། 

ཐི་ལོས་ཧྲ་མཱེ་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། དབྱིན་ཇི་དང་ཨ་མེ་རི་ཁའི་བར་གྱི་དམིགས་བསལ་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན་ཡང་། ཁོ་མོས་ཕྱོགས་གཉིས་ཀྱི་ནམ་ཟླའི་འགྱུར་ལྡོག་དང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་སོགས་ཐད་ཀྱི་ལྟ་ཚུལ་མི་འདྲ་བ་ཁས་ལེན་བྱས། 

ཐི་ལིང་ཕུའུ་ཡིས་ཚེས་གསུམ་ཉིན་ནས་ཚེས་ལྔའི་ཉིན་བར་དབྱིན་ཇི་ལ་རྒྱལ་དོན་འཚམས་འདྲི་བྱས་པ་དང་། དེ་ནི་ཁོས་ཨ་མེ་རི་ཁའི་ཙུང་ཐུང་གི་ལས་འགན་ཁུར་རྗེས། ཐོག་དང་པོར་དབྱིན་ཇི་ལ་རྒྱལ་དོན་འཚམས་འདྲི་བྱས་པ་རེད། 

འཚམས་འདྲི་བྱེད་སྐབས་ཐི་ལིང་ཕུའུ་ཡིས་དབྱིན་ཇིའི་རྒྱལ་མོ་དབྱེ་ལོས་ཧྲ་པེ་སྐུ་ཕྲེང་གཉིས་པ་དང་བཅས་པའི་དབྱིན་ཇིའི་རྒྱལ་བོ་ཚང་གི་ཁོངས་མིར་ཐུག་འཕྲད་བྱས་པར་མ་ཟད། ཐི་ལོས་ཧྲ་མཱེ་དང་གྲོས་མོལ་བྱས། ཚེས་ལྔ་ཉིན་ཁོ་ད་རུང་དབྱིན་ཇིའི་གྲུ་ཁའི་གྲོང་ཁྱེར་ཕེའོ་ཚི་མའོ་སི་རུ་སོང་ནས་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་དྲན་བྱ་འགུལ་ལ་ཞུགས་རྒྱུ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།