ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཞེ་འཁོན་ཅན་གྱི་གཏམ་བརྗོད་ལ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅོ་བརྒྱད་ཉིན་ཞེ་འཁོན་ཅན་གྱི་གཏམ་བརྗོད་ལ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱས་པ་ཁྱབ་སྒྲོག་བྱས། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། འགུལ་སྐྱོད་འཆར་གཞི་དེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་སོ་སོ་མཐུན་སྦྱོར་བྱེད་རྒྱུ་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་སྒེར་གཉེར་སྡེ་ཁག དམངས་ཁྲོད་ཚོགས་ཁག སྨྱན་བྱད་བཅས་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། བྱེད་ཐབས་མང་བོ་བརྒྱུད་དེ་ཞེ་འཁོན་ཅན་གྱི་གཏམ་བརྗོད་སྔོན་འགོག་དང་དེར་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ཞེ་འཁོན་ཅན་གྱི་གཏམ་བརྗོད་ཀྱིས་སྤྱི་ཚོགས་ཀྱི་བཟོད་སྒོམ་གྱི་ཚད་ཇེ་དམའ་རུ་བཏང་ཡོད་པ་དང་། སྤྱི་ཚོགས་ཀྱི་བཟོད་སྒོམ་རང་བཞིན་དང་སྣ་མང་རང་བཞིན་ལ་གཏོར་བརླག་བྱས་ཡོད་ལ། སྤྱི་ཚོགས་ཀྱི་གོང་བུར་འདྲིལ་ཤུགས་ལ་མེད་པར་བཏང་ནས་དྲག་ཤུགས་ཀྱི་འབྱུང་ཁུངས་སུ་གྱུར་ཡོད་པར་མ་ཟད། མཇུག་མཐར་ཞི་བདེ་དང་གཏན་འཇགས། རྒྱུན་མཐུད་འཕེལ་རྒྱས་བཅས་ལ་བཀག་རྒྱ་བཟོ་སྲིད། ཉེ་སྔོན་སིང་ག་ལཱ་དང་ནེའུ་ཙེ་ལན། ཨ་མེ་རི་ཁ་སོགས་རྒྱལ་ཁབ་དང་ས་ཁུལ་ནས་བྱུང་བའི་དྲག་ཤུགས་དོན་རྐྱེན་ཁྲོད། ཞེ་འཁོན་ཅན་གྱི་གཏམ་བརྗོད་བྱུང་ཡོད། མཉམ་འབྲེལ་དྲ་རྒྱ་སོགས་རྣམ་པ་གསར་བའི་ཐབས་ལམ་བརྒྱུད་དེ་ཞེ་འཁོན་ཅན་གྱི་གཏམ་བརྗོད་མྱུར་མོར་རྒྱ་ཆེར་ཁྱབ་བཞིན་ཡོད་པས། ཁོས་རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་ཚན་རྩལ་ཀུང་ཟི། སློབ་གསོའི་ལས་ཁུངས་བཅས་ཀྱིས་ལྟ་རྟོག་ཤུགས་ཚད་ཇེ་ཆེར་གཏོང་དགོས་པའི་འབོད་སྐུལ་བཏང་། 

ཀུའུ་ཐི་ལོས་སི་ཡིས་སློབ་གསོའི་གལ་ཆེན་རང་བཞིན་དམིགས་སུ་བཀར་ནས་ནན་བཤད་བྱས། ཁོས་བསྟན་དོན། སློབ་གསོ་ལ་ཤུགས་སྣོན་བྱས་ཏེ་མི་རྣམས་ཀྱི་ངེས་ཤེས་ཇེ་མཐོར་བཏང་ན། ཕན་ནུས་ལྡན་པའི་སྒོ་ནས་ཞེ་འཁོན་ཅན་གྱི་གཏམ་བརྗོད་འབྱུང་བར་སྔོན་འགོག་བྱེད་ཐུབ་པ་དང་། ཞེ་འཁོན་གྱི་སྣང་ཚུལ་མགོ་འབུས་འབྱུང་བ་མེད་པར་གཏོང་ཐུབ་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།