ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་དང་ཁི་ཝེ་ཐིའི་མགོ་ཁྲིད་པས་ཕྱོགས་གཉིས་ཀྱི་འབྲེལ་བར་ཤུགས་སྣོན་པར་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གི་ཙུང་ཐུང་སཱ་ལེ་ཧི་ཡིས་ཚེས་བཅུ་དགུའི་ཉིན་པཱ་ཀ་ཏཱ་ནས་འཚམས་འདྲིར་ཡོང་བའི་ཁི་ཝེ་ཐིའི་མགོ་ཁྲིད་པ་སཱ་པཱ་ཧི་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གྱི་འབྲེལ་བར་ཤུགས་སྣོན་པ་དང་ཉེ་སྔོན་དབུས་ཤར་ས་ཁུལ་གྱི་གནས་བབ་འཕེལ་ཕྱོགས་ཐད་ནས་གྲོས་བསྡུར་བྱས། 

དབྱི་རག་གི་ཙུང་ཐུང་གཞུང་སྒྲུབ་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། སཱ་ལེ་ཧི་ཡིས་གྲོས་མོལ་བྱེད་སྐབས་བསྟན་དོན། དབྱི་རག་གིས་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་པ་དང་། ཁྱད་པར་དུ་ཁི་ཝེ་ཐིའི་བར་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་ཁེ་ཕན་དང་འཚམ་པའི་ཕྱོགས་གཉིས་ཀྱི་འབྲེལ་བ་འཛུགས་འདོད་ཡོད་ལ། སཱ་པཱ་ཧི་ཡི་འཚམས་འདྲི་ལས་དབྱི་རག་དང་ཁི་ཝེ་ཐི་རྒྱལ་ཁབ་གཉིས་བར་འཛུགས་སྐྲུན་རང་བཞིན་ལྡན་པའི་འབྲེལ་བ་འཛུགས་པར་གོ་སྐབས་བཟང་བོ་བསྐྲུན་ཡོད་ཟེར། 

སཱ་པཱ་ཧི་ཡིས་བསྟན་དོན། ཁི་ཝེ་ཐི་ཡིས་དབྱི་རག་གིས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ་དང་རྒྱལ་ཁབ་བསྐྱར་འཛུགས་བྱེད་པར་རྒྱབ་སྐྱོར་བྱེད་འདོད་ཡོད་ལ། ཐེངས་འདིའི་འཚམས་འདྲི་ལས་མཉམ་ལས་ཇེ་ཟབ་ཏུ་གཏོང་བར་གྲོས་བསྡུར་བྱེད་པ་དང་རྒྱལ་ཁབ་གཉིས་བར་ཐག་གཅོད་བྱས་མེད་པའི་གནད་དོན་ཐག་གཅོད་བྱེད་པར་གོ་སྐབས་བསྐྲུན་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ད་རུང་ཉེ་སྔོན་གྱི་དབུས་ཤར་ས་ཁུལ་གྱི་གནས་བབ་འཕེལ་སྟངས་དང་ཕྱོགས་གཉིས་ཀྱིས་ས་ཁུལ་གྱི་གཏན་འཇགས་མངོན་འགྱུར་བྱེད་ཆེད་བསྒྲུབ་པའི་འབད་བརྩོན་ལ་གྲོས་བསྡུར་བྱས་ཟེར། 

ཉིན་དེའི་སྔ་དྲོར་སཱ་པཱ་ཧི་པཱ་ཀ་ཏཱ་རུ་འབྱོར་ནས་དབྱི་རག་ལ་དངོས་གཞིའི་འཚམས་འདྲི་བྱེད་མགོ་བརྩམས་པ་རེད། ཁོས་དབྱི་རག་གི་ཙུང་ལི་མེད་ཧི་ཏིས་དང་གྲོས་དཔོན་ཧཱ་པུའུ་ཞེ་གཉིས་བར་གྲོས་མོལ་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།