ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་ནང་ཁུལ་གྱི་གྲོས་མོལ་དེ་ཁ་ཐར་ནས་བསྡུ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་སྲིད་གཞུང་གི་ཨ་ཧྥུའུ་ཧན་འདུམ་སྒྲིག་ལས་དོན་གྱི་དམིགས་བསལ་འཐུས་མི་ཧ་ལེ་ལེ་ཀྲ་ཏི་ཡིས་ཚེས་གཅིག་ཉིན་བསྒྲགས་རྒྱུར། ཨ་ཧྥུའུ་ཧན་ནང་ཁུལ་གྱི་གྲོས་མོལ་དེ་ཟླ་འདིའི་ཚེས་བདུན་ནས་ཚེས་བརྒྱད་ཉིན་བར་ཁ་ཐར་གྱི་རྒྱལ་ས་ཏོ་ཧ་ནས་བསྡུ་རྒྱུ་ཡིན་ཟེར།

ཏོ་ཧ་ན་ཨ་མེ་རི་ཁ་དང་ཨ་ཧྥུའུ་ཧན་ཐ་ལེ་པན་གྱི་ཐད་ཀར་གྲོས་མོལ་ལ་ཞུགས་བཞིན་པའི་ཧ་ལེ་ལེ་ཀྲ་ཏི་ཡིས་དྲ་ཚིགས་སྟེང་ཡི་གེ་སྤེལ་ནས་བཤད་རྒྱུར། མི་འགྱངས་བར་བསྡུ་རྒྱུ་ཡིན་པའི་གྲོས་མོལ་དེ་ནི་ཨ་ཧྥུའུ་ཧན་ཞི་བདེའི་འཕེལ་རིམ་གྱི་ཁག་བཞིའི་ནང་གི་འགངས་ཆེན་ཞིག་ཡིན་ལ། ཞི་བདེའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་གོམ་སྟབས་གལ་ཆེན་ཞིག་ཀྱང་ཡིན་ཟེར།

ཧ་ལེ་ལེ་ཀྲ་ཏི་ཡིས་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་ལོ་ངོ་བཞི་བཅུའི་སྐྱོ་གར་ལས། ཕྱོགས་ཁག་སོ་སོས་ངེས་པར་དུ་ཕན་ཚུན་དང་ལེན་བྱེད་དགོས་པ་དང་། ཐུན་མོང་ལྟ་བ་བཙལ་དགོས་ལ། དྲག་ཤུགས་མ་བཀོལ་བར་ཆབ་སྲིད་ཀྱི་ལམ་ནས་རྩོད་གཞི་ཐག་གཅོད་དགོས་པ་གསལ་བོར་མཚོན་ཡོད་ཟེར།

ཁ་ཐར་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁ་དང་ཨ་ཧྥུའུ་ཧན་ཐ་ལེ་པན་གྱི་གྲོས་མོལ་སྐོར་ཐེངས་བདུན་པ་ཟླ་དྲུག་པའི་ཚེས་ཉེར་དགུ་ཉིན་ཏོ་ཧ་ནས་བསྡུ་མགོ་བརྩམས་པ་དང་། ཐེངས་འདིར་གཙོ་བོ་ཕྱི་རྒྱལ་གྱི་དམག་དཔུང་ཨ་ཧྥུའུ་ཧན་ནས་ཕྱིར་འཐེན་བྱེད་པ་དང་། ཨ་ཧྥུའུ་ཧན་གྱི་མངའ་ཁོངས་བཀོལ་ནས་རྒྱལ་ཁབ་གཞན་ལ་གནོད་མི་སྐྱེལ་བ། ཨ་ཧྥུའུ་ཧན་ནང་ཁུལ་གྱི་ཕྱོགས་ཁག་སོ་སོས་གྲོས་མོལ་བྱེད་པ་སོགས་གླེང་ལ། ཕྱོགས་གཉིས་ཀྱིས་གྲོས་མོལ་ཁྲོད་མྱུར་དུ་ཨ་ཧྥུའུ་ཧན་མི་དམངས་ལ་སྡུག་བསྔལ་མྱོང་མཚམས་འཇོག་ཏུ་འཇུག་པའི་ཐུན་མོང་གི་འདོད་བློ་བསྟན་སོང་ཟེར།

ཉིས་སྟོང་གཅིག་ལོར། ཨ་མེ་རི་ཁར་དགུ་གཅིག་གཅིག་འཇིགས་སྐུལ་འཇབ་རྒོལ་ཐེབས་རྗེས། ཨ་མེ་རི་ཁས་ཨ་ཧྥུའུ་ཧན་དམག་འཁྲུག་བསླངས་ནས། རྟེན་གཞི་རྩ་འཛུགས་ཀྱི་འགེབ་སྲུང་དུ་འདོད་པའི་ཐ་ལེ་པན་སྲིད་དབང་རྩ་རྫོགས་བྱས། ཡིན་ནའང་དམག་འཁྲུག་གི་རྗེས་སུ་ཨ་ཧྥུའུ་ཧན་གྱི་གནས་བབ་བསྟུད་མར་ཟིང་ཟིང་དུ་གྱུར། ཉེ་བའི་ལོ་འགའི་རིང་ལ། ཨ་ཧྥུའུ་ཧན་ནས་ཐ་ལེ་པན་གྱི་སྟོབས་ཤུགས་བསྟུད་མར་ཇེ་ཆེར་སོང་བས། ཨ་མེ་རི་ཁའི་སྲིད་གཞུང་གིས་དེར་གྲོས་མོལ་མི་བྱེད་ག་མེད་བྱུང་།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།