ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་སྲིད་གཞུང་དམག་གིས་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱི་དྲག་ཆས་མི་སྣ་ཉི་ཤུ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡེ་མིན་སྲིད་གཞུང་དམག་གིས་ཚེས་དགུ་ཉིན་བཤད་རྒྱུར། སྲིད་གཞུང་དམག་གིས་ཉིན་དེར་ཡེ་མིན་ལྷོ་ཕྱོགས་ཀྱི་ཏ་ལེ་ཨ་ཞིང་ཆེན་ནས་ཧུའུ་སའེ་དྲག་ཆས་རྩ་འཛུགས་དང་འཐབ་འཁྲུག་བརྒྱབ་སྟེ། ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱི་དྲག་ཆས་མི་སྣ་ཉི་ཤུ་བསད་པ་ཡིན་ཟེར།

ཡེ་མིན་སྲིད་གཞུང་དམག་གིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་ཉིན་དེར་ཏ་ལེ་ཨ་ཞིང་ཆེན་ནུབ་ཕྱོགས་ཀྱི་ཅ་ཐའེ་པད་ས་ཁུལ་དུ་བསྡད་ཡོད་པའི་སྲིད་གཞུང་དམག་ལ་ཐེངས་འགར་འཇབ་རྒོལ་བྱས་ཏེ། ས་དེ་ན་ཡོད་པའི་སྲིད་གཞུང་དམག་གི་དམག་དོན་ས་གནས་ཤིག་ཏུ་འཛུལ་རྩིས་བྱས། སྲིད་གཞུང་དམག་གིས་འཐབ་འཁྲུག་ཁྲོད་ནས་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱི་དྲག་ཆས་མི་སྣ་ཉི་ཤུ་བསད་པ་དང་། དེའི་ནང་དུ་མཐོ་རིམ་བཀོད་འདོམས་དཔོན་པོ་ཞིག་ཡོད། དེས་མི་ཚད་ད་དུང་དྲག་ཆས་མི་སྣ་འགའ་རྨས་ཡོད་ཟེར།

མིག་སྔར་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་དོན་དག་དེར་ལན་ཅི་ཡང་བཏབ་མེད།

ཉེ་སྔོན་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་ཏ་ལེ་ཨ་ཞིང་ཆེན་ནས་གཞི་ཁྱོན་ཆེ་བའི་འཇབ་རྒོལ་སྤེལ། བསྒྲགས་པའི་གནས་ཚུལ་ལྟར་ན། ཏ་ལེ་ཨ་ཞིང་ཆེན་བྱང་ཕྱོགས་ཀྱི་རི་ཁུལ་ཁག་ཅིག་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་བཟུང་བ་དང་། སྲིད་གཞུང་དམག་གིས་ས་ཁུལ་དེའི་སྡེ་བ་ཁ་ཤས་བཟུང་ཡོད་ཟེར།

ཉིས་སྟོང་བཅུ་བཞི་ལོའི་ཟླ་དགུ་བར། ཡེ་མིན་གྱི་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་རྒྱལ་ས་སཱ་ན་འཕྲོག་པ་དང་། དེའི་རྗེས་སུ་ཡེ་མིན་གྱི་ལྷོ་ཕྱོགས་ས་ཁུལ་བཟུང་། ཉིས་སྟོང་བཅོ་ལྔ་ལོའི་ཟླ་གསུམ་པར། སོ་ཏི་ཨ་རབ་སོགས་རྒྱལ་ཁབ་ཀྱིས་ཧུའུ་སའེ་དྲག་ཆས་རྩ་འཛུགས་ལ་དམིགས་པའི་མིང་ལ་རླུང་ནག་འཚུབ་མ་ཞེས་པའི་དམག་དོན་འགུལ་སྐྱོད་སྤེལ། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཉིས་པར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བར་འདུམ་འོག་ཏུ། ཡེ་མིན་སྲིད་གཞུང་དང་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་ཧི་ཐེ་ཏ་ནས་དམག་འཁྲུག་མཚམས་འཇོག་པ་དང་། བཟུང་དམག་བརྗེ་རེས་བྱེད་པ་སོགས་ཀྱི་གྲོས་གཞི་གལ་ཆེན་ཐད་ནས་གྲོས་མཐུན་བཀོད་ན་ཡང་། ཅང་མ་འགོར་བར་ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་ཕ་རོལ་བས་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་ལ་གཏོར་བརླགས་བྱས་སོང་ཞེས་སྐྱོན་བརྗོད་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།