ཨ་ཧྥུའུ་ཧན་གྱི་ཕྱོགས་སོ་སོས་ཕྱོགས་གང་ཐད་ནས་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁ་ཐར་དང་འཇར་མན་གྱིས་མཉམ་དུ་གཙོ་བོར་བསྒྲུབས་པའི་ཨ་ཧྥུའུ་ཧན་ནང་ཁུལ་གྱི་ཞི་བདེའི་གྲོས་ཚོགས་དེ་ཚེས་དགུ་ཉིན་ཁ་ཐར་གྱི་རྒྱལ་ས་ཏོ་ཧ་ནས་གྲོལ། གྲོས་ཚོགས་ཀྱི་གསལ་བསྒྲགས་ནང་དུ་ཨ་ཧྥུའུ་ཧན་གནད་དོན་ཐད་ཕྱོགས་ཡོངས་ནས་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད།

ཐེངས་འདིའི་གྲོས་ཚོགས་ནི་ཚེས་བདུན་ཉིན་ཚོགས་མགོ་བརྩམས། ཨ་ཧྥུའུ་ཧན་སྲིད་གཞུང་དང་། ཐ་ལེ་པན་དང་ཨ་ཧྥུའུ་ཧན་གྱི་ཕྱོགས་ཁག་གཞན་པ་སོ་སོའི་མི་དྲུག་ཅུ་ལྷག་མི་སྒེར་གྱི་མིང་ཐོག་ནས་ཐེངས་འདིའི་གྲོས་ཚོགས་ལ་ཞུགས། གྲོས་ཚོགས་དེ་འཆར་གཞི་ལྟར་ན་ཚེས་བརྒྱ་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞིའི་སྟེང་གྲོལ་རྩིས་ཡོད་ནའང་། ཕྱོགས་སོ་སོའི་བར་དུ་གསལ་བསྒྲགས་ཀྱི་ནང་དོན་ཐད་ནས་ལྟ་ཚུལ་གཅིག་མཐུན་འབྱུང་དཀའ་བར་གྱུར་པས། ཡང་དང་བསྐྱར་དུ་རྗེས་ལ་བསྣུར་ནས་ཚེས་དགུ་ཉིན་གྱི་ཞོགས་པར་གྲོལ་བ་མ་ཟད་གསལ་བསྒྲགས་སྤེལ་བ་རེད།

གསལ་བསྒྲགས་ཀྱི་ནང་དོན་ལ། ཕྱོགས་ཡོངས་ནས་གྲོལ་མོལ་བྱས་ན་ད་གཟོད་ཡུན་རིང་གི་ཞི་བདེ་མངོན་དུ་འགྱུར་ཐུབ་པ་དང་། ཨ་ཧྥུའུ་ཧན་ནས་ཡང་བསྐྱར་དམག་འཁྲུག་འབྱུང་མི་འོས་པ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥུའུ་ཧན་གྱི་རིན་ཐང་ལྟ་བར་བརྩི་བཀུར་བྱེད་དགོས་ལ་སློབ་གྲྭ་དང་སྨན་ཁང་། སྡོད་དམངས་ཁུལ། ཆུ་རགས་སོགས་སྤྱི་ཐུན་སྒྲིག་ཆས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པ་སོགས་འདུ།

ཨ་ཧྥུའུ་ཧན་སྲིད་གཞུང་གི་སྔོན་ཆད་ཀྱི་ནོར་སྲིད་དཔོན་པོ་ཨ་ཧ་ཏིས་ཀྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། ཚོགས་འདུའི་སྟེང་ཕྱོགས་སོ་སོས་གནད་དོན་གཉིས་ལ་དམིགས་ནས་རྩོད་གླེང་དྲག་པོ་བྱས། གཅིག་ནི་ཨ་ཧྥུའུ་ཧན་གྱི་མ་འོངས་པའི་ཆབ་སྲིད་ལམ་ལུགས་ཀྱི་གནད་དོན་ཡིན་ལ། ཨ་ཧྥུའུ་ཧན་སྲིད་གཞུང་གིས་དེང་སྐབས་ལམ་ལུགས་སྲུང་འཛིན་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ཐ་ལེ་པན་ཕྱོགས་ཀྱིས་དེའི་ཐད་ནས་རྣམ་འགྱུར་གསལ་བོ་མ་བསྟན། ཅིག་ཤོས་ནི་ཨ་ཧྥུའུ་ཧན་སྲིད་གཞུང་གིས་སྔོན་ལ་དམག་འཁྲུག་མཚམས་བཞག་རྗེས་ད་གཟོད་གནད་དོན་གཞན་པར་གྲོས་སྡུར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་མོད། ཡིན་ནའང་ཐ་ལེ་པན་ཕྱོགས་ཀྱིས་དམག་འཁྲུག་མཚམས་འཇོག་པ་ནི་ཕྱོགས་ཡོངས་ཀྱི་ཞི་བདེའི་གྲོས་ཆོད་ཀྱི་ཁག་ཅིག་ཡིན་དགོས་པར་འདོད་ཡོད་པ་དེ་རེད་ཟེར།

ཐེངས་འདིའི་གྲོས་ཚོགས་ནི་ཨ་ཧྥུའུ་ཧན་གྱི་ཞི་བདེའི་འཕེལ་རིམ་ཁྲོད་ཀྱི་བརྒལ་གཏོར་གལ་ཆེན་ཞིག་ཡིན་པར་འདོད་ཡོད། དེའི་སྔོན་ལ་ཐ་ལེ་པན་གྱིས་ཨ་ཧྥུའུ་ཧན་སྲིད་གཞུང་གི་ཨ་མེ་རི་ཁའི་དབང་སྒྱུར་འོག་ཏུ་ཚུད་ཡོད་པར་འདོད་ནས། ཨ་ཧྥུའུ་ཧན་སྲིད་གཞུང་ལཐད་ཀར་དུ་གྲོས་མོལ་མ་བྱས་པར། ཨ་མེ་རི་ཁའི་ཕྱོགས་ལ་ཨ་ཧྥུའུ་ཧན་གྱི་ཞི་བདེའི་འཕེལ་རིམ་སྐོར་ནས་གྲོས་མོལ་བྱེད་བཞིན་ཡོད། ཨ་མེ་རི་ཁ་དང་ཐ་ལེ་པན་གྱིས་ཟླ་དྲུག་པའི་ཚེས་ཉེར་དགུ་ཉིན་ནས་བཟུང་ཏོ་ཧ་ནས་སྐོར་ཐེངས་བདུན་པའི་གྲོས་མོལ་བྱས་ཏེ། ཨ་ཧྥུའུ་ཧན་ནང་ཁུལ་གྱི་གྲོས་མོལ་བསྡུ་བའི་ཐད་ནས་ལྟ་ཚུལ་གཅིག་མཐུན་བྱུང་ལ། ཕྱོགས་གཉི་གས་ཚེས་བདུན་དང་བརྒྱད་ཉིན་གཉིས་ལ་གནས་སྐབས་སུ་གྲོས་མོལ་བྱེད་མཚམས་བཞག་སྟེ། ཨ་ཧྥུའུ་ཧན་ནང་ཁུལ་གྱི་གྲོས་མོལ་ལ་རྒྱབ་སྐྱོར་བྱེད་པར་འཐད་པ་བྱུང་།

ཉིས་སྟོང་གཅིག་ལོར། ཨ་མེ་རི་ཁར་དགུ་གཅིག་གཅིག་འཇིགས་སྐུལ་འཇབ་རྒོལ་ཐེབས་རྗེས་ཨ་ཧྥུའུ་ཧན་དམག་འཁྲུག་བསླངས་ནས། རྟེན་གཞི་རྩ་འཛུགས་ཀྱི་འགེབ་སྲུང་དུ་འདོད་པའི་ཐ་ལེ་པན་སྲིད་དབང་རྩ་རྫོགས་བྱས། དམག་འཁྲུག་གི་རྗེས་སུ་ཨ་ཧྥུའུ་ཧན་གྱི་གནས་བབ་བསྟུད་མར་ཟིང་ཟིང་དུ་གྱུར། ཉེ་བའི་ལོ་འགའི་རིང་ལ། ཐ་ལེ་པན་གྱི་སྟོབས་ཤུགས་ཨ་ཧྥུའུ་ཧན་ནས་ཇེ་ཆེ་ནས་ཇེ་ཆེར་གྱུར་པས། ཨ་མེ་རི་ཁའི་སྲིད་གཞུང་གིས་དེ་དང་གྲོས་མོལ་མི་བྱེད་ག་མེད་བྱུང་།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།