ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁས་ཨ་མེ་རི་ཁས་དབྱི་ལང་ལ་བཀག་སྡོམ་བྱེད་པའི་སྒྲིག་ལམ་དང་འགལ་བ་རྒྱུ་མཚན་དུ་བྱས་ཏེ་དབྱི་ལང་གི་ཚན་རིག་པ་བཀག་ནས་བཟུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལང་གི་ཕྲ་ཕུང་སྐམ་པོར་ཞིབ་འཇུག་བྱེད་པའི་ཚན་རིག་པ་ཞིག་ན་ནིང་གི་ཟླ་བཅུ་བ་ནས་བཟུང་ཨ་མེ་རི་ཁའི་ཁྲིམས་འཛིན་སྡེ་ཁག་གིས་བཀག་ནས་བཟུང་ལ། རྒྱུ་མཚན་ནི་རྒྱལ་ཕྲན་མཉམ་འབྲེལ་ཞིབ་དཔྱོད་ཁང་གིས་ཚན་རིག་པ་དེས་དབྱི་ལང་ལ་སྨན་བཀོལ་སྐྱེ་དངོས་རྒྱུ་ཆ་སྐྱེལ་རྩིས་བྱས་པ་དང་། དེ་ཨ་མེ་རི་ཁས་དབྱི་ལང་ལ་ཉོ་འཚོང་བཀག་སྡོམ་བྱེད་པའི་སྒྲིག་ལམ་དང་འགལ་ཡོད་ཟེར།

མིང་ལ་སུའུ་ལའེ་མཱ་ཉི་ཟེར་བའི་ཚན་རིག་པ་དེ་ན་ནིང་གི་ཟླ་བཅུ་བར་འཚམས་འདྲིར་འགྲོ་བའི་རིག་གནས་པའི་མིང་ཐོག་ནས་དབྱི་ལང་གི་རྒྱལ་ས་ཐེ་ཧེ་རན་ནས་ཨ་རིར་སོང་བ་དང་། མེན་ཉི་སུའུ་ཏ་མངའ་སྡེའི་མཱེ་ཨོ་སྨན་ཁང་དུ་གྲིབ་ནད་ཕོག་པའི་ནད་པར་སྨན་བཅོས་བྱེད་པའི་ཆེས་མཐའ་མཇུག་གི་ཞིབ་འཇུག་བྱ་རྩིས་ཡོད།

སུའུ་ལའེ་མཱ་ཉི་ཨ་མེ་རི་ཁའི་གྲོང་ཁྱེར་ཆེན་པོ་གསུམ་པ་སྟེ་དབྱི་ལེ་ནོ་དབྱི་མངའ་སྡེའི་ཁྲེ་ཁ་རྒོལ་གྲོང་ཁྱེར་དུ་ཐོན་མ་ཟད། ཨ་མེ་རི་ཁའི་ཞིབ་དཔྱོད་དཔོན་པོས་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དྲུག་པར་གྲ་སྒྲིག་བྱས་པ་དང་། རྗེས་སུ་ཉར་ཚགས་བྱས་པའི་གཏུག་བཤེར་ཡི་གེ་ཞིག་བཀོལ་ནས། སུའུ་ལའེ་མཱ་ཉི་བཟུང་བ་མ་ཟད། ཁོའི་ཐོང་མཆན་མེད་པར་བཏང་ལ། ཁོ་ཙོ་ཀྲི་ཡ་མངའ་སྡེའི་ཡ་ཐི་ལན་ཏ་གྲོང་ཁྱེར་ལྷོ་ཕྱོགས་ཀྱི་བཀག་སྐྱིལ་ཁང་ཞིག་ཏུ་བཀག

རྒྱལ་ཕྲན་མཉམ་འབྲེལ་ཞིབ་དཔྱོད་དཔོན་པོས་སུའུ་ལའེ་མཱ་ཉི་དང་ཁོའི་སྔོན་ཆད་ཀྱི་སློབ་མ་གཉིས་ཀྱིས་ཆོག་མཆན་མ་ཐོབ་པར་ཨ་མེ་རི་ཁ་ནས་དབྱི་ལང་ལ་སྐྱེ་དངོས་རྒྱུ་ཆ་སྐྱེལ་རྩིས་བྱས་པའི་ནག་ཉེས་བསགས་ཡོད་ཟེར། གལ་ཏེ་ཁྲིམས་ཁང་གིས་འདྲི་གཅོད་བྱས་རྗེས་ཉེས་མིང་དེ་དོན་དང་མཐུན་ན། ཁོ་གསུམ་ལ་ཆེས་མཐོ་ན་ལོ་ཉི་ཤུའི་བཙོན་འཇུག་གི་ཁྲིམས་ཆད་གཅོད་ངེས།

ཨ་མེ་རི་ཁའི་མཉམ་འབྲེལ་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། སུའུ་ལའེ་མཱ་ཉི་ཡི་ཁྲིམས་རྩོད་པའི་ཚན་ཆུང་གིས་མཚམས་སྦྱོར་བྱས་དོན། སུའུ་ལའེ་མཱ་ཉི་ཡིས་ཉིས་སྟོང་བཅུ་དྲུག་ལོའི་ཟླ་དགུ་བར་རང་གི་སློབ་མ་ཨ་རི་ནས་དབྱི་ལང་ལ་ལོག་པའི་གོ་སྐབས་སྤྱད་དེ། ཚོད་ལྟར་མཁོ་བའི་བསྐྱར་སྒྲིག་སྤྲི་དཀར་སྐོར་ཞིག་རང་གི་སློབ་མར་དབྱི་ལང་ལ་འཁྱེར་དུ་འཇུག་རྩིས་བྱས་ཟེར།

ཨ་མེ་རི་ཁའི་མཉམ་འབྲེལ་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། སྒོ་ཁྲལ་ལས་ཁུངས་ཀྱི་དཔོན་རིགས་ཀྱིས་ཟླ་དགུ་པའི་ཚེས་དྲུག་ཉིན་ཡ་ཐི་ལན་ཏ་གནམ་གྲུ་ཐང་ནས་བསྐྱར་སྒྲིག་སྤྲི་དཀར་དེ་དག་སློབ་མའི་ལག་ནས་བླངས་པ་ཡིན་ཟེར། ཨ་མེ་རི་ཁས་དབྱི་ལང་ལ་བཀག་སྡོམ་བྱས་པས། དབྱི་ལང་རྒྱལ་ནང་གི་དངོས་གོང་ཆེས་ཆེར་ཇེ་མཐོར་སོང་ཡོད། སུའུ་ལའེ་མཱ་ཉི་ཡི་ཁྲིམས་རྩོད་པ་ཧྥོ་ལང་ཀི་ཡིས་བཤད་རྒྱུར། སྤྲི་དཀར་དེ་དག་ཨ་རི་ནས་ཉོས་ན་ཨ་སྒོར་སྟོང་བརྒྱད་མ་གཏོགས་མི་དགོས་མོད། དབྱི་ལང་ནས་ཉོས་ན་ཨ་སྒོར་ཁྲི་བཞི་ཤོར་འགྲོ་ཟེར།

ཚན་རིག་པ་གསུམ་ལ་དག་འབུད་བྱེད་པའི་ཁྲིམས་རྩོད་པའི་ཚན་ཆུང་གིས་བཤད་རྒྱུར། ཚན་རིག་པ་དེ་དག་གིས་བསྒྲུབས་པ་འཆུག་མེད། བསྐྱར་སྒྲིག་སྤྲི་དཀར་ནི་སྨན་བཀོལ་རྒྱུ་ཡིན་ལ། ཚོང་ལས་ཀྱི་ཕྱོགས་སུ་མི་བཀོལ་བའི་སྨན་བཀོལ་རྒྱུ་ཆ་དབྱི་ལང་ལ་འཁྱེར་བ་ནི་ཕྱིར་གཏོང་དང་མི་འདྲ་བས། ཨ་མེ་རི་ཁའི་དཔོན་ཕྱོགས་ཀྱི་ཆོག་མཆན་ཐོབ་མི་དགོས་ཟེར།

ཁྲིམས་རྩོད་པ་ཧྥོ་ལང་ཀི་ཡིས་ཁྲིམས་རའི་ཡིག་ཆ་ཞིག་གི་ནང་དུ་འདི་ལྟར་བྲིས་ཡོད་དེ། བསྐྱར་སྒྲིག་སྤྲི་དཀར་ནི་ཕྲ་ཕུང་སྐམ་པོའི་ཞིབ་འཇུག་ཐད་བཀོལ་བ་ལས། འཇིགས་སྐུལ་རིང་ལུགས་ཀྱི་བྱ་འགུལ་ལ་རྒྱབ་སྐྱོར་བྱེད་པ་ཞིག་མིན་པ་དང་། མིའི་རིགས་ལ་གནོད་ཀྱང་སྐྱེལ་མི་སྲིད་པར། དེ་ལས་ལྡོག་སྟེ་སྨན་བཅོས་དང་མིའི་རིགས་ལ་ཞབས་འདེགས་ཞུ་བའི་ཐད་བཀོལ་བ་ཡིན་ཟེར།

ཞིབ་དཔྱོད་ཕྱོགས་ཀྱིས་ཁྲིམས་རའི་ཡིག་ཆ་མང་བོའི་ནང་དུ་བཤད་རྒྱུར། ཨ་མེ་རི་ཁས་དབྱི་ལང་ལ་བཀག་སྡོམ་བྱས་ཏེ་ལོ་མང་བོ་འགོར་ཡོད་པ་དང་། ཆེས་དམིགས་བསལ་གྱི་རྒྱུ་མཚན་ཡོད་ན་མ་གཏོགས་ཚོང་རྫས་དབྱི་ལང་ལ་ཕྱིར་གཏོང་བྱས་མི་ཆོག སུའ་ལའེ་མཱ་ཉི་ཡི་གནས་ཚུལ་དེ་ཁྱབ་ཁོངས་དེར་མི་གཏོགས་ཟེར།

ཞིབ་དཔྱོད་ཕྱོགས་ཀྱིས་བཤད་རྒྱུར། ཐེངས་འདིར་གནད་དོན་དུ་གྱུར་པའི་སྤྲི་དཀར་ལྟ་བུའི་སྨན་བཅོས་ཞིབ་འཇུག་གི་དངོས་རྫས་ཡིན་ན། ཕྱིར་གཏོང་གི་སྔོན་ལ་ཨ་རིའི་ནོར་སྲིད་པུའུ་ཡི་ཁོངས་སུ་གཏོགས་པའི་རྒྱལ་ཕྱིའི་རྒྱུ་ནོར་ཚོད་འཛིན་གཞུང་སྒྲུབ་ཁང་ལ་ཆོག་མཆན་འགོད་པའི་རེ་འདུན་ཞུ་དགོས། ཚན་རིག་པ་དེ་གསུམ་གྱིས་སློབ་གསོ་བཟང་བོ་མྱངས་ཡོད་ལ་རྣམ་རིག་ཧ་ཅང་གསལ་བས། ཁོ་ཚོའི་རྒྱལ་ཁབ་ཀྱིས་བཀག་སྡོམ་མྱང་བཞིན་པ་གསལ་བོར་ཤེས་ངེས་ཟེར།

ཡིན་ནའང་། ཚན་རིག་པར་དག་འབུད་བྱེད་པའི་ཁྲིམས་རྩོད་པས་དེར་ལན་འདེབས་སྐབས། ཨ་མེ་རི་ཁ་དང་དབྱི་ལང་གི་འབྲེལ་བར་འགྱུར་བ་སྣ་ཚོགས་འབྱུང་བཞིན་པས། བཀག་སྡོམ་གྱི་ཚད་ཐིག་དེ་གཞན་གྱིས་གསལ་བོར་ཤེས་དཀའ་ཞེས་བཤད།

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་ཙུང་ཐུང་གི་འགན་ཁུར་བའི་ཚུན་། ཨ་མེ་རི་ཁི་དང་དབྱི་ལང་གི་འབྲེལ་བ་སྔར་ལས་ཛ་དྲག་ཏུ་གྱུར། ཨ་མེ་རི་ཁས་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་ལྔ་བར་དབྱི་ལིང་ཉིང་རྡུལ་གྲོས་ཆོད་ལག་བསྟར་བྱེད་པའི་གྲས་ནས་ཕྱིར་བུད་པ་ཡིན་ཞེས་བསྒྲགས་ནས། རིམ་བཞིན་དབྱི་ལང་ལ་སླར་ཡང་བཀག་སྡོམ་བྱས།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།