ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལང་གིས་ཉིང་རྡུལ་གནད་དོན་གྱི་གྲོས་མོལ་ཐད་ནས་དཀྱེལ་ཡངས་ཀྱི་རྣམ་འགྱུར་བཟུང་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལང་གསར་འགྱུར་བརྙན་འཕྲིན་ཁང་གིས་ཚེས་བཅུ་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན།  དབྱི་ལང་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་བསྒྲགས་སྤེལ་ནས། དབྱི་ལང་གིས་ད་དུང་ཉིང་རྡུལ་གནད་དོན་དང་འབྲེལ་བའི་གྲོས་མོལ་ལ་དཀྱེལ་ཡངས་ཀྱི་རྣམ་འགྱུར་བཟུང་ཡོད་ཟེར།

དབྱི་ལང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་མུའུ་སཱ་ཝེ་ཡིས་གསལ་བསྒྲགས་ནང་དུ་བཤད་རྒྱུར། དབྱི་ལང་གིས་ཉིང་རྡུལ་གནད་དོན་ཐད་ནས་ཛ་དྲག་གི་གནས་བབ་འབྱུང་དུ་འཇུག་མི་འདོད་པ་དང་། ཡོ་རོབ་གླིང་གི་རྒྱལ་ཁབ་ཀྱིས་དེང་སྐབས་ཀྱི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་འདོད་ན། ཛ་དྲག་གནས་བབ་ཀྱི་འབྱུང་རྩ་ཐག་གཅོད་པའི་འོས་འགན་ཡོད་ཟེར།

མུའུ་སཱ་ཝེ་ཡིས་བཤད་རྒྱུར། དབྱི་ལང་གིས་དབྱི་ལང་ཉིང་རྡུལ་གྲོས་ཆོད་ལ་སྔར་བཞིན་དུ་བརྩི་བཀུར་བྱེད་བཞིན་ཡོད་མོད། ཡིན་ན་ཡང་དེང་སྐབས་ཀྱི་གནས་ཚུལ་འོག་ཏུ། དབྱི་ལང་གིས་ངེས་པར་དུ་རང་གི་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས་ཟེར། ཁོས་དམིགས་སུ་བཀར་ནས་ནན་གྱིས་བསྟན་དོན། ཨ་མེ་རི་ཁས་དབྱི་ལང་ལ་རྒོལ་བའི་སྲིད་ཇུས་ནི་དབྱི་ལང་ཉིང་རྡུལ་གནད་དོན་གྱི་འབྱུང་རྩ་ཡིན་ཞིང་། ཁྲིམས་དང་འགལ་ཞིང་ཕྱོགས་གཅིག་པུས་དབྱི་ལང་ཉིང་རྡུལ་གྲོས་ཆོད་ལག་བསྟར་བྱེད་པའི་གྲས་ནས་ཕྱིར་བུད་པར་མ་ཟད། གཞི་ཁྱོན་ཆེན་པོའི་བཀག་སྡོམ་བྱེད་ཐབས་སྤྱད་པ་ནི། ཨ་མེ་རི་ཁས་དབྱི་ལང་ལ་རྒོལ་བའི་སྲིད་ཇུས་ཀྱི་མཚོན་བྱེད་གསལ་བོ་ཡིན་ཟེར།

དབྱི་ལང་སྲིད་གཞུང་གིས་ཚེས་བརྒྱད་ཉིན་དབྱི་ལང་གིས་དབྱི་ལང་ཉིང་རྡུལ་གྲོས་ཆོད་ལས་ཡུག་རྫས་ཐོན་སྐྱེད་ཀྱི་འཛོམས་ཚད་བརྒྱ་ཆའི་གསུམ་དང་གྲངས་ཆུང་དྲུག་བདུན་ལས་བརྒལ་མི་ཆོག་པའི་ཚོད་འཛིན་གཏོར་བ་ཡིན་ཞེས་བསྒྲགས། དབྱི་ལང་ཉིང་རྡུལ་ནུས་པའི་རྩ་འཛུགས་ཀྱི་མགྲིན་ཚབ་པ་ཁ་མའེ་ལེ་ཝན་ཏིས་ཀྱིས་ཚེས་བརྒྱད་ཉིན་བསྟན་དོན། གལ་ཏེ་དབྱི་ལང་ཉིང་རྡུལ་གྲོས་ཆོད་བཀོད་པའི་ཕྱོགས་གཞན་དག་གིས་དབྱི་ལང་གི་གྲོས་ཆོད་ཁྲོད་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་མ་ཐུབ་ན། དབྱི་ལང་གིས་དུས་རིམ་རྗེས་མར་འཛོམས་ཚད་བརྒྱ་ཆའི་ཉི་ཤུ་ལ་བུད་པའི་ཡུག་རྫས་ཐོན་སྐྱེད་བྱེད་རྒྱུ་ཡིན་ཟེར།

དབྱི་ལང་གི་ཡུག་རྫས་ཐོན་སྐྱེད་ཀྱི་འཛོམས་ཚད་ལ་ཚོད་འཛིན་བྱེད་པ་ནི་དབྱི་ལང་ཉིང་རྡུལ་གྲོས་ཆོད་ཀྱི་དོན་ཚན་གཙོ་བོ་རེད། འཛོམས་ཚད་བརྒྱ་ཆའི་དགུ་བཅུའི་ཡན་གྱི་ཡུག་རྫས་ནི་མཚོན་ཆ་རིམ་པའི་ཉིང་རྡུལ་རྒྱུ་ཆའི་ཁོངས་སུ་གཏོགས་པ་དང་། ཉིང་རྡུལ་འབར་མདེལ་ལས་པར་བཀོལ་ཆོག ཡིན་ནའང་གཞུང་ལུགས་ཀྱི་སྟེང་ནས་བཤད་ན་འཛོམས་ཚད་བརྒྱ་ཆའི་ཉི་ཤུ་དང་བརྒྱ་ཆའི་དགུ་བཅུའི་ཡུག་རྫས་ཐོན་སྐྱེད་བྱེད་པར་ལག་རྩལ་གྱི་བཀག་རྒྱ་ཕལ་ཆེར་མེད།

ཨ་མེ་རི་ཁ་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་ལྔ་བར་དབྱི་ལང་ཉིང་རྡུལ་གྲོས་ཆོད་ལག་བསྟར་བྱེད་པའི་གྲས་ནས་ཕྱིར་བུད་རྗེས། དབྱི་ལང་གིས་ཡོ་རོབ་གླིང་རྒྱལ་ཁབ་ཀྱིས་གྲོས་ཆོད་ལྟར་དུ་འོས་འགན་ལག་བསྟར་བྱེད་དགོས་ལ། བྱེད་ཐབས་འདང་ངེས་ཤིག་སྤྱད་དེ་དབྱི་ལང་ལ་དབྱི་ལང་ཉིང་རྡུལ་གྲོས་ཆོད་ཀྱི་གཏན་ཁེལ་ལྟར་དུ་ཁེ་ཕན་ཐོབ་པར་ཁག་ཐེག་བྱེད་དགོས་ཞེས་རྒྱུན་དུ་ནན་གྱིས་བཤད་བཞིན་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།