ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥེ་རི་ཁ་གླིང་ས་ཁུལ་གྱི་མཐོ་རིམ་འཇིགས་སྐུལ་ངོ་རྒོལ་གྲོས་ཚོགས་སྟེང་མཉམ་དུ་འཇིགས་སྐུལ་རིང་ལུགས་རྩ་མེད་དུ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དུས་ཡུན་ཉིན་གཉིས་ཀྱི་ཨ་ཧྥེ་རི་ཁ་གླིང་གི་མཐོ་རིམ་འཇིགས་སྐུལ་ངོ་རྒོལ་གྲོས་ཚོགས་ཚེས་བཅུ་ཉིན་ཁིན་ཉི་ཡའི་རྒྱལ་ས་ནེ་རོ་པི་ནས་ཚོགས་པ་དང་། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ་དང་སྲིད་གཞུང་གི་མགོ་གཙོ་སོགས་མི་སྟོང་ལྷག་ཚོགས་འདུར་ཞུགས། ཚོགས་འདུར་ཞུགས་པའི་འཐུས་མི་རྣམས་ཀྱིས་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་འཇིགས་སྐུལ་རིང་ལུགས་རྩ་མེད་དུ་བཏང་སྟེ། ཧྥེ་གླིང་སྐམ་ས་ཆེན་མོ་གཏན་འཇགས་དང་འཕེལ་རྒྱས་སུ་གཏོང་དགོས་པའི་འབོད་སྐུལ་བཏོན།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཚོགས་འདུ་མགོ་བརྩམས་པར་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། འཇིགས་སྐུལ་རིང་ལུགས་ཧྥེ་གླིང་དུ་མཆེད་པར་མ་ཟད་ས་ཁུལ་ཧྲིལ་བོའི་གཏན་འཇགས་ལ་གཏོར་བརླགས་བྱེད་བཞིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཧྥེ་གླིང་རྒྱལ་ཁབ་ལ་འཇིགས་སྐུལ་ངོ་རྒོལ་ཁྱབ་ཁོངས་ཀྱི་ལག་རྩལ་དང་དཔལ་འབྱོར་ཐད་ནས་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་འོས། འཇིགས་སྐུལ་རིང་ལུགས་རྩ་མེད་དུ་གཏོང་བར་ཆབ་སྲིད་ཀྱི་འདོད་བློ་དང་། འདང་ངེས་ཀྱི་མ་རྩ། མཚོན་ཆ་བཟང་བའི་དྲག་ཆས་སྟོབས་ཤུགས་བཅས་མཁོ་བ་དང་མཉམ་དུ། ན་གཞོན་གྱི་བསམ་བློ་ཐལ་ལྷུང་ཅན་དུ་འགྱུར་བར་ཡང་སྔོན་འགོག་བྱེད་དགོས་ཟེར།

ཀུའུ་ཐི་ལེ་སི་ཡིས་བཤད་རྒྱུར། འཇིགས་སྐུལ་རིང་ལུགས་རྩ་མེད་དུ་གཏོང་བ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་སྲིང་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་དུ་འགྱུར་བ་དང་། ཧྥེ་གླིང་གི་ཉིས་སྟོང་རེ་གསུམ་ལོའི་གྲོས་རིམ་གྱི་གཏན་འཇགས་དང་དར་རྒྱས། བཟོད་སྒོམ་གྱི་ཧྥེ་གླིང་སྐམ་ཆ་ཆེན་པོ་ཞིག་འཛུགས་པའི་གནད་འགག་ཡིན་ཟེར།

ཁིན་ཉི་ཡའི་ཙུང་ཐུང་ཁིན་ཡ་ཐ་ཡིས་ཤིས་ཚིག་འབུལ་སྐབས། རྒྱལ་ཁོངས་ལས་བརྒལ་བའི་ལྟ་སྐུལ་ཚོད་འཛིན་ལ་ཤུགས་སྣོན་པ་དང་། མང་ཚོགས་ཀྱི་འདུ་ཤེས་ཇེ་མཐོར་གཏོང་བ། ཉམ་ཆུང་ན་གཞོན་ཚོགས་པར་བརྟེན་པ་བཅས་བྱས་ཏེ་འཇིགས་སྐུལ་རིང་ལུགས་རྩ་མེད་དུ་གཏོང་དགོས་པའི་འབོད་སྐུལ་བཏང་། ཁོས་བཤད་རྒྱུར། འཇིགས་སྐུལ་རིང་ལུགས་ནི་ཧྥེ་གླིང་ཧྲིལ་བོ་དང་ཐ་ན་འཛམ་གླིང་ཡོངས་ཀྱི་འགྲན་རྩོད་ཡིན་པས། རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་ཐུན་མོང་གི་དགྲ་བོ་དེར་རྒོལ་རྡུང་བྱས་ཏེ། འཇིགས་སྐུལ་མི་སྣར་ཧྥེ་གླིང་སྐམ་ས་ཆེན་མོའི་ས་ལག་མཐིལ་ཙམ་ཡང་བདག་འཛིན་བྱེད་དུ་འཇུག་མི་རུང་ཟེར།

ཧྥེ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥ་ཅི་ཡིས་བཤད་རྒྱུར། དྲག་ཤུགས་ཁོ་ནར་བརྟེན་ན་འཇིགས་སྐུལ་རིང་ལུགས་རྩ་མེད་དུ་གཏོང་མི་ཐུབ་པས། འཕེལ་རྒྱས་དང་སློབ་གསོ། གསང་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་པ་བཅས་ནི་འཇིགས་སྐུལ་ངོ་རྒོལ་གྱི་དམག་འཁྲུག་ལས་རྣམ་པར་རྒྱལ་བའི་གནད་འགག་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།