ཕ་ཁི་སི་ཐན་ནས་མེ་འཁོར་ཐོ་བརྒྱབ་ནས་ཉུང་མཐར་ཡང་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕ་ཁི་སི་ཐན་གྱི་སྨྱན་ལམ་ཁག་གིས་ཚེས་བཅུ་གཅིག་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། འགྲུལ་སྐྱེལ་མེ་འཁོར་ཞིག་ཉིན་དེའི་སྔ་དྲོར་རྒྱལ་ཁབ་དེའི་ཤར་ཕྱོགས་ཀྱི་གྲོང་ཁྱེར་ལཱ་ཞི་མུའུ་ཡ་ཨར་ཧན་ནས་དངོས་སྐྱེལ་མེ་འཁོར་ཞིག་དང་ཐོ་བརྒྱབ་སྟེ། ཉུང་མཐར་ཡང་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་བདུན་ཅུ་ལྷག་ལ་རྨས་ཕོག་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཕ་ཁི་སི་ཐན་གྱི་ཤར་ཕྱོགས་གྲོང་ཁྱེར་ལཱ་ཧ་ཨར་ནས་བཏང་བའི་འགྲུལ་སྐྱེལ་མེ་འཁོར་དེ་ནི་ལཱ་ཞི་མུའུ་ཡ་ཨར་ཧན་གྱི་ཝོ་ལི་ཨར་མེ་འཁོར་ས་ཚིགས་ཉེ་འདབས་ནས་ས་དེ་རུ་བསྡད་ཡོད་པའི་དངོས་སྐྱེལ་མེ་འཁོར་ཞིག་དང་ཐོ་བརྒྱབ་པ་དང་། དོན་རྐྱེན་ཁྲོད་ནས་འགྲུལ་སྐྱེལ་མེ་འཁོར་གྱི་འཁོར་སྒམ་མང་བོ་ལྕགས་ལམ་ལས་བྲལ་ཟེར།

མིག་སྔར་ས་དེའི་ཉེན་རྟོག་པ་དང་མྱུར་སྐྱོབ་མི་སྣ་དོན་རྐྱེན་འབྱུང་སར་ཐོན་ནས་མྱུར་སྐྱོབ་བྱེད་བཞིན་ཡོད་ལ། རྨས་མ་ཁ་ཤས་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད། སྨན་ཁང་ཕྱོགས་ནས་བསྒྲགས་པ་ལྟར་ན། རྨས་མ་ཁ་ཤས་ཀྱི་རྨས་ཧ་ཅང་ལྗིད་པས། དོན་རྐྱེན་ཁྲོད་ནས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ད་དུང་ཇེ་མང་དུ་འགྲོ་སྲིད་ཟེར།

ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན་ཧན་གྱིས་དྲ་བའི་སྒང་ནས་བཤད་རྒྱུར། ལྕགས་ལམ་པུའུ་ཡིས་འཕྲལ་བསྟུད་བྱེད་ཐབས་སྤྱད་ནས་ལྕགས་ལམ་གྱི་རྨང་གཞིའི་སྒྲིག་ཆས་ཡུན་རིང་འགོར་བར་བརྟེན་ནས་གནད་དོན་འབྱུང་བར་ཁ་གཏད་འཇལ་དགོས་པའི་མཛུབ་སྟོན་བྱས་ཡོད་ཟེར།

ཕ་ཁི་སི་ཐན་དུ་མེ་འཁོར་ཐོ་བརྒྱབ་པའི་དོན་རྐྱེན་འབྱུང་ཐེངས་ཅུང་མང་། ཟླ་དྲུག་པའི་ཚེས་ཉི་ཤུ་ཉིན། ཕ་ཁི་སི་ཐན་གྱི་ལྷོ་ཕྱོགས་གྲུ་ཁའི་གྲོང་ཁྱེར་ཁ་ལཱ་ཆི་ནས་ལ་ཧ་ཨར་གྲོང་ཁྱེར་ལ་འགྲོ་བའི་འགྲུལ་སྐྱེལ་མེ་འཁོར་ཞིག་ཧེ་ཏི་ལཱ་པ་གྲོང་ཁྱེར་གྱི་ཉེ་འདབས་སུ་ཐོན་སྐབས་དངོས་སྐྱེལ་མེ་འཁོར་ཞིག་དང་ཐོ་བརྒྱབ་ནས། མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།