ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་གྱིས་ཧན་གོས་ཨ་མེ་རི་ཁ་ནས་སྦས་ཐབས་འཐབ་འཛིང་གནམ་གྲུ་ནང་འདྲེན་བྱས་པར་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁྲའོ་ཞན་ཕྱི་དོན་ལས་ཁུངས་ཀྱི་ཨ་མེ་རི་ཁ་ཞིབ་འཇུག་ཁང་སྲིད་ཇུས་ཞིབ་འཇུག་གཞུང་སྒྲུབ་ཁང་གི་མགོ་གཙོས་ཚེས་བཅུ་གཅིག་ཉིན་གཏམ་བཤད་སྐབས། ཧན་གོའི་དབང་འཛིན་ལས་ཁུངས་ཀྱིས་མི་འགྱངས་བར་ཡང་བསྐྱར་ཨ་མེ་རི་ཁ་ནས་སྦས་ཐབས་འཐབ་འཛིང་གནམ་གྲུ་ནང་འདྲེན་བྱེད་རྩིས་ཡོད་པའི་བྱ་སྤྱོད་དེས་ཁྲའོ་ཞན་དང་ཧན་གོའི་དམག་དོན་གྲོས་ཆོད་ལ་འགྲན་བསླངས་ཡོད་པ་དང་། བྱ་སྤྱོད་དེ་ནི་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་དམག་དོན་ཛ་དྲག་གི་གནས་སུ་ལྷུང་བར་བྱེད་པའི་ཉན་ཁའི་བྱ་སྤྱོད་ཅིག་ཡིན་ལ། དེར་བསྟུན་ནས་ཁྲའོ་ཞན་གྱིས་ཁ་གཏད་བྱེད་ཐབས་སྤྱོད་སྲིད་ཅེས་བཤད།

ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་ཉིན་དེར་གཏམ་བཤད་དེའི་ནང་དོན་བསྒྲགས་པ་དང་། མིང་བཀོད་མེད་པའི་དཔོན་རིགས་དེས་བསྟན་དོན། ད་ལོའི་ཟླ་གསུམ་པའི་རྗེས་ནས། ཧན་གོས་ཟླ་འདིའི་ཟླ་དཀྱིལ་ལ་ཡང་བསྐྱར་ཨ་མེ་རི་ཁ་ནས་སྦས་ཐབས་འཐབ་འཛིང་གནམ་གྲུ་གཉིས་ནང་འདྲེན་བྱེད་རྩིས་འདུག མིག་གིས་མི་མཐོང་བའི་མི་གསོད་འཕྲུལ་ཆས་དེའི་རིགས་ནང་འདྲེན་བྱེད་པའི་དམིསག་ཡུལ་ནི་རང་ས་ཁུལ་མཐའ་སྐོར་རྒྱལ་ཁབ་ཁྲོད་དུ་དམག་དོན་ཁྱད་སྟོབས་ལ་ཁག་ཐེག་བྱེད་རྒྱུ་དང་། ལྷག་པར་དུ་ཁྲའོ་ཞན་ཕྱེད་གླིང་དུ་དམིགས་བསལ་དོན་དག་འབྱུང་སྐབས་ཁྲའོ་ཞན་ལ་བཙན་འཛུལ་བྱེད་པའི་སྒོ་ཆེན་འབྱེད་རྒྱུ་དེ་རེད། བྱེད་ཐབས་དེ་ནི་ཕ་རོལ་བར་དམིགས་པའི་དྲག་ཤུགས་བསྐྱེད་པའི་བྱ་སྤྱོད་ཡོངས་སུ་མཚམས་འཇོག་དགོས་ཞེས་གཏན་ཁེལ་གསལ་བོ་བྱས་ཡོད་པའི་ཏན་མིན་ཏེན་བསྒྲགས་གཏམ་ལ་ཐད་ཀར་དུ་འགྲན་བསླངས་པ་ཞིག་རེད་ཟེར།

དཔོན་རིགས་དེས་བསྟན་དོན། ཧན་གོའི་དབང་འཛིན་ལས་ཁུངས་དེ་ཕྱི་ཕྱོགས་སྟོབས་ཤུགས་ཀྱི་རྒྱབ་རྟེན་ལས་ཐར་མ་ཐུབ་ཚེ། ལྷོ་བྱང་གི་འབྲེལ་བའི་མདུན་ལྗོངས་ལ་རེ་བ་སྤུ་ཙམ་ཡང་མེད། ཧན་གོས་མི་གསོད་མཚོན་ཆ་སྔར་ལས་མང་བོ་ནང་འདྲེན་བྱེད་པའི་བྱ་སྤྱོད་ལ་ཁ་གཏད་ནས། ཁྲའོ་ཞན་གྱིས་ཀྱང་དམིགས་བསལ་གྱི་མཚོན་ཆ་གསར་སྤེལ་དང་ཚོད་ལྟ་བྱས་ཏེ། མི་གསོད་མཚོན་ཆ་དེ་དག་རྩ་བ་ནས་མི་བརླག་ག་མེད་བྱུང་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།