ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་སྲིད་གཞུང་གིས་ཧུའུ་སའེ་དྲག་ཆས་རྩ་འཛུགས་བར་དུ་བཟུང་དམག་བརྗེ་རེས་བྱེད་པའི་གྲོས་མོལ་དེ་གནས་སྐབས་སུ་མཚམས་འཇོག་ཀྱང་སྲིད་ཅེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡེ་མིན་སྲིད་གཞུང་གིས་ཚེས་བཅུ་ཉིན་བཤད་རྒྱུར། སྲིད་གཞུང་གིས་ཧུའུ་སའེ་དྲག་ཆས་རྩ་འཛུགས་བར་དུ་བཟུང་དམག་བརྗེ་རེས་བྱེད་པའི་གནད་དོན་སྐོར་གྱི་གྲོས་མོལ་གནས་སྐབས་སུ་མཚམས་འཇོག་པར་བསམ་གཞིགས་གཏོང་བཞིན་ཡོད་པ་དང་། དེར་བརྟེན་ནས་དྲག་ཆས་རྩ་འཛུགས་དེས་སཱ་ན་རུ་བཀག་སྐྱིལ་བྱས་ཡོད་པའི་བཙོན་མ་སུམ་ཅུ་ལ་སྲོག་ཆད་བཅད་པར་ངོ་རྒོལ་བྱེད་རྒྱུ་ཡིན་ཟེར།

ཡེ་མིན་སྲིད་གཞུང་གི་བཟུང་དམག་བརྗེ་རེས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ་ཧེ་ཀི་ཡིས་ཉིན་དེར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་བཙོན་མ་དེ་དག་ལ་སྲོག་ཆད་བཅད་པ་ནི་ཁྲིམས་དང་འགལ་ཡོད། བྱ་སྤྱོད་དེས་བཟུང་དམག་བརྗེ་རེས་གྲོས་མོལ་གནས་སྐབས་སུ་མཚམས་འཇོག་ཏུ་འཇུག་སྲིད་པའམ་ཐ་ན་གྲོས་མོལ་དེ་ཡོངས་སུ་བརླག་སྲིད་ཟེར།

ཧེ་ཀི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ནས་བྱེད་ཐབས་སྤྱད་དེ་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱི་སྤྱོད་ཚུལ་དེར་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། ཧེ་ཀི་ཡིས་བཤད་རྒྱུར། གལ་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མངགས་ཕོ་ཉས་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ངོ་རྒོལ་མ་བྱས་ཚེ། བཟུང་དམག་བརྗེ་རེས་དང་འབྲེལ་བའི་མི་ཆོས་རིང་ལུགས་ཀྱི་ལས་དོན་ལ་གོང་འཕེལ་གསར་བ་འབྱུང་མི་སྲིད་ཟེར།

ཡེ་མིན་གྱི་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་དབང་སྒྱུར་བའི་ཁྲིམས་ཁང་ཞིག་གིས་ཚེས་དགུ་ཉིན་སཱ་ན་ནས་ཁྲིམས་ཐག་གཅོད་སྐབས། སོ་ཏི་ཨ་རབ་དང་དེའི་མནའ་གྲོགས་ཀྱི་ཆེད་དུ་ཡེ་མིན་ནས་གསང་མྱུལ་གྱི་བྱ་བ་བསྒྲུབས་པ་རྒྱུ་མཚན་དུ་བྱས་ནས། སཱ་ན་རུ་བཀག་སྐྱིལ་བྱས་ཡོད་པའི་ཉེས་ཅན་སུམ་ཅུ་ལ་སྲོག་ཆད་བཅད། བསྒྲགས་པའི་གནས་ཚུལ་ལྟར་ན། མི་སུམ་ཅུ་པོ་དེ་དག་ནི་གཙོ་བོ་ས་དེའི་རིག་གནས་པ་དང་སློབ་མ་ཡིན་ལ། ཁོ་ཚོ་ཉིས་སྟོང་བཅུ་དྲུག་ལོར་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་བཟུང་བ་རེད།

ཉིས་སྟོང་བཅུ་བཞི་ལོའི་ཟླ་དགུ་བར། ཡེ་མིན་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་རྒྱལ་ས་སཱ་ན་འཕྲོག་པ་དང་། དེའི་རྗེས་སུ་ཡེ་མིན་གྱི་ལྷོ་ཕྱོགས་ས་ཁུལ་དབང་དུ་བཟུང་། ཉིས་སྟོང་བཅོ་ལྔ་ལོའི་ཟླ་གསུམ་པར། སོ་ཏི་ཨ་རབ་སོགས་རྒྱལ་ཁབ་ཀྱིས་ཧུའུ་སའེ་དྲག་ཆས་རྩ་འཛུགས་ལ་དམིགས་པའི་མིང་ལ་རླུང་ནག་འཚུབ་མ་ཞེས་པའི་དམག་དོན་འགུལ་སྐྱོད་སྤེལ། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཉིས་པར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བར་འདུམ་འོག ཡེ་མིན་སྲིད་གཞུང་དང་ཧུའུ་སའེ་དྲག་ཆས་རྩ་འཛུགས་གཉི་ག་ཧི་ཐེ་ཏ་ནས་དམག་འཁྲུག་མཚམས་འཇོག་པ་དང་བཟུང་དམག་བརྗེ་རེས་བྱེད་པ་སོགས་གྲོས་གཞི་གཙོ་བོའི་ཐད་ནས་གྲོས་མཐུན་བྱུང་མོད། ཡིན་ནའང་ཅང་མ་འགོར་བར་ཕྱོགས་གཉི་གས་ཕ་རོལ་བས་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་ལ་གཏོར་བརླགས་བྱས་སོང་ཞེས་ཕན་ཚུན་ལ་སྐྱོན་བརྗོད་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།