ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་སྲུང་དཔོན་པོའི་གྲོས་ཚོགས་ནས་རྒྱལ་ཁབ་སོ་སོའི་བདེ་འཇགས་ཁྱབ་ཁོངས་ཀྱི་མཉམ་ལས་ནན་གྱིས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐེ་གོའི་མན་ཀུའུ་རུ་ཨེ་ཤ་ཡ་ཤར་ལྷོའི་རྒྱལ་ཁབ་མནའ་འབྲེལ་གྱི་རྒྱལ་སྲུང་དཔོན་པོའི་གྲོས་ཚོགས་སྐབས་བཅུ་གསུམ་པར་ཞུགས་བཞིན་པའི་ཨེ་ཤ་ཡ་ཤར་ལྷོའི་རྒྱལ་ཁབ་བཅུའི་རྒྱལ་སྲུང་དཔོན་པོས་ཚེས་བཅུ་གཅིག་ཉིན་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་སྲུང་དཔོན་པོའི་རྒྱུན་སྲིང་བདེ་འཇགས་སྐོར་གྱི་མཉམ་འབྲེལ་བསྒྲགས་གཏམ་ཞེས་པ་བཀོད་ནས། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་ནང་ཁུལ་གྱི་མཉམ་ལས་དང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་གྲོས་མོལ་བྱེད་སའི་གྲོགས་པོའི་རྒྱལ་ཁབ་བར་གྱི་མཉམ་ལས་ལ་སྔར་ལས་ཤུགས་བསྣན་ནས། སྲོལ་རྒྱུན་ལས་འདས་པ་དང་རྒྱལ་ཁོངས་ལས་བརྒལ་བའི་བདེ་འཇགས་ཀྱི་འཇིགས་སྣང་ལ་མཉམ་དུ་ཁ་གཏད་འཇལ་དགོས་ཞེས་ནན་གྱིས་བསྟན།

མཉམ་འབྲེལ་བསྒྲགས་གཏམ་དེའི་ནང་དུ་བཤད་རྒྱུར། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་སོ་སོས་ས་ཁུལ་གྱི་བདེ་འཇགས་ཁོར་ཡུག་མྱུར་དུ་འགྱུར་བ་དང་། ས་ཁུལ་གཞི་གཅིག་ཅན་དང་མཉམ་འབྲེལ་མཉམ་འདྲེས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་སོང་བ། ལག་རྩལ་གོང་འཕེལ་དུ་སོང་བ་བཅས་ལ་དང་བསྟུན་ནས། རང་ས་ཁུལ་རྙོག་འཛིང་དང་འགྱུར་ལྡོག་ཆེ་བའི་སྲོལ་རྒྱུན་ལས་འདས་པའི་བདེ་འཇགས་འཇིགས་སྣང་དང་རྒྱལ་ཁོངས་ལས་བརྒལ་བའི་བདེ་འཇགས་འཇིགས་སྣང་ལ་འཕྲད་ཡོད་པར་མ་ཟད། འཇིགས་སྣང་འབྱུང་ཚད་དང་ཚབས་ཆེན་རང་བཞིན་ཇེ་ཆེར་འགྲོ་བཞིན་ཡོད། རྒྱལ་ཁབ་སོ་སོས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་ནང་ཁུལ་གྱི་མཉམ་ལས་དང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་གྲོས་མོལ་བྱེད་སའི་གྲོགས་པོའི་རྒྱལ་ཁབ་བར་གྱི་མཉམ་ལས་ལ་ཤུགས་སྣོན་དགོས་ཟེར།

མཉམ་འབྲེལ་བསྒྲགས་གཏམ་ནང་དུ་ད་དུང་ཐེངས་འདིའི་གྲོས་ཚོགས་སྟེང་ཡིག་ཆ་མང་བོར་གྲོས་འཆམ་བྱུང་ནས། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་སོ་སོའི་བར་གྱི་མཐའ་མཚམས་དོ་དམ་དང་། དམག་དོན་གསོ་རིག་བརྗེ་རེས། མཚོ་ཐོག་གི་ཉེན་ཁ་སྔོན་འགོག འཇིགས་སྐུལ་ངོ་རྒོལ་གྱི་གསང་འཕྲིན་བརྗེ་རེས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པར་སྐུལ་འདེད་བཏང་ཞེས་བཤད་ཡོད།

ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཐེ་གོའི་ཙུང་ལི་གཞོན་པའི་ཞོར་དུ་རྒྱལ་སྲུང་དཔོན་པོའི་འགན་ཁུར་མཁན་པ་ཝེ་ཡིས་བསྒྲགས་གཏམ་སྟེང་མིང་འགོད་པའི་མཛད་སྒོའི་རྗེས་སུ་བསྡུས་པའི་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་རྒྱུར། ཐེངས་འདིའི་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་སྲུང་དཔོན་པོའི་གྲོས་ཚོགས་ཀྱི་བརྗོད་གཞི་ནི་རྒྱུན་སྲིང་བདེ་འཇགས་ཞེས་པ་དེ་ཡིན་ལ། མཉམ་འབྲེལ་བསྒྲགས་གཏམ་གྱིས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་སོ་སོས་བདེ་འཇགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་བརྩོན་པ་དང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་འགྲན་རྩོད་ལ་ཁ་གཏད་འཇལ་ནས་ས་ཁུལ་གྱི་རྒྱུན་སྲིང་གི་ཞི་བདེ་དང་། གཏན་འཇགས། དར་རྒྱས་བཅས་ལ་བརྩོན་པ་མཚོན་ཡོད་ཟེར།

ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་ནི་གཅིག་སྟོང་དགུ་བརྒྱ་རེ་བདུན་ལོར་བཙུགས་པ་དང་། ཁོངས་གཏོགས་རྒྱལ་ཁབ་ལ་ཧིན་རྡུ་ཉི་ཞི་ཡ་དང་། ཐེ་གོ། སིང་ག་ཕོར། ཧྥེ་ལི་ཕེན། ཝུན་ལའེ། མཱ་ལེ་ཞི་ཡ། ཡའོ་ནན། ལའོ་ཝའོ། ཁམ་ཕུ་ཀྲེ། འབར་མ་བཅས་རྒྱལ་ཁབ་ཅུ་ཡོད། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་སྲུང་དཔོན་པོའི་གྲོས་ཚོགས་སྐབས་བཅུ་གསུམ་པ་ཟླ་བདུན་པའི་ཚེས་བཅུ་ཉིན་ནས་ཚེས་བཅུ་གཉིས་ཉིན་བར་མན་ཀུའུ་ན་བསྡུ་བཞིན་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།