ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་ལས་ཨེ་ཤ་ཡཱ་ཤར་ལྷོའི་རྩ་འཛུགས་ཡོད་ཅིང་རྒྱལ་ཁོངས་བརྒལ་བའི་ནག་ཉེས་གནད་དོན་ཚབས་ཆེན་ཡིན་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དུག་རྫས་དང་ནག་ཉེས་གནད་དོན་གྱི་གཞུང་སྒྲུབ་ཁང་གིས་ཚེས་བཅོ་བརྒྱད་ཉིན་མན་ཀུའུ་ནས་ཨེ་ཤ་ཡཱ་ཤར་ལྷོའི་ས་ཁུལ་གྱི་རྩ་འཛུགས་ཡོད་པའི་ནག་ཉེས་ཀྱི་འཕེལ་འགྱུར་དང་འཕེལ་རྒྱས། ཤུགས་རྐྱེན་ཅེས་པའི་སྙན་ཞུ་ཁྱབ་སྒྲོག་བྱས། སྙན་ཞུ་ལས་བསྟན་དོན། རྩ་འཛུགས་ཡོད་ཅིང་རྒྱལ་ཁོངས་བརྒལ་བའི་ནག་ཉེས་བྱ་འགུལ་ཁ་དར་བཞིན་པ་དེ་ཨེ་ཤ་ཡཱ་ཤར་ལྷོའི་ས་ཁུལ་གྱི་མདུན་དུ་ལྷགས་པའི་འགྲན་རྩོད་ཆེན་པོ་ཞིག་རེད་ཟེར། 

སྙན་ཞུ་ལས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཨེ་ཤ་ཡཱ་ཤར་ལྷོ་དང་ཉེ་འདབས་ས་ཁུལ་གྱིས་བཅའ་ཁྲིམས་ལག་བསྟར་བྱ་འགུལ་སྤེལ་བའི་དབང་གིས། ས་ཁུལ་དེའི་ལྐོག་འཚོང་ནག་ཉེས་ཚོགས་ཁག་གིས་ཐབས་ཇུས་བསྒྱུར་བ་དང་། སྦས་སྐོང་བྱེད་སའི་གནས་དེ་ལྟ་རྟོག་ཞན་པའི་ས་ཁུལ་དང་ཁྱད་པར་དུ་མཐའ་མཚམས་ས་ཁུལ་དུ་སྤར་ཡོད་ཟེར། 

སྙན་ཞུ་ལས་བསྟན་དོན། འདྲེས་སྦྱོར་གྱི་དུག་རྫས་ལྐོག་འཚོང་བྱེད་པ་ནི་ཨེ་ཤ་ཡཱ་ཤར་ལྷོའི་ས་ཁུལ་གྱི་ཁེ་སྤོགས་མཐོ་བའི་ཁྲིམས་འགལ་ཉོ་ཚོང་ཞིག་ཡིན་པ་དང་། རྩ་འཛུགས་ཡོད་པའི་ནག་ཉེས་སྡེ་ཚོགས་ཀྱིས་ཉོ་ཚོང་བྱེད་ཐབས་གསར་བསྒྱུར་བྱེད་བཞིན་ཡོད། དུག་རྫས་དང་ནག་ཉེས་གནད་དོན་གྱི་གཞུང་སྒྲུབ་ཁང་གི་གཞི་གྲངས་ལྟར་ན། ཉིས་སྟོང་བཅོ་བརྒྱད་ལོར་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དུག་རྫས་ལྐོག་འཚོང་གི་སྤྱིའི་རིན་ཐང་མེ་སྒོར་ཐེར་ཆེན་གསུམ་དང་དུང་ཕྱུར་གསུམ་ནས་ཐེར་ཆེན་དྲུག་དང་ཐེར་འབུམ་གཅིག་དུང་ཕྱུར་བཞིའི་བར་ཡིན་པ་དང་། ཨེ་ཤ་ཡཱ་ཤར་མ་དང་ཨེ་ཤ་ཡཱ་ཤར་ལྷོའི་ས་ཁུལ། ཨོ་སི་ཁྲུ་ལི་ཡཱ། ནེའུ་ཙེ་ལན་བཅས་ཀྱི་དུག་རྫས་ལོངས་སྤྱོད་བྱེད་པའི་མི་གྲངས་བྱེ་བ་གཅིག་དང་ས་ཡ་གཉིས་ལས་བརྒལ་ཡོད་ཟེར། 

སྙན་ཞུ་ལས་ད་རུང་བཤད་རྒྱུར། ཨེ་ཤ་ཡཱ་ཤར་ལྷོའི་ས་ཁུལ་གྱི་དཔལ་འབྱོར་བར་ཁྱད་ཀྱིས་རིན་གོང་དམའ་བའི་ངལ་རྩོལ་ནུས་པར་དགོས་མཁོ་དང་མཁོ་འདོན་གསར་སྐྲུན་བྱས་པ་དང་། མི་སྣའི་ལྐོག་འཚོང་དང་ལྐོག་འབྲོས་སོགས་ཀྱི་གནས་ཚུལ་སྔར་ལས་ཚབས་ཆེན་ཡིན། དེའི་ཞོར་དུ་རི་སྐྱེས་སྲོག་ཆགས་ལྐོག་འཚོང་བྱེད་པ་དང་ཁྲིམས་འགལ་གྱིས་ཤིང་ཆ་ཉོ་ཚོང་བྱེད་པའི་ཁེ་སྤོགས་ཇེ་མང་དུ་སོང་སྟེ། ས་ཁུལ་དེའི་རི་སྐྱེས་སྲོག་ཆགས་ཀྱི་ཁ་གྲངས་ཇེ་ཉུང་དུ་སོང་བ་དང་ནགས་ཚལ་གྱི་རྒྱ་ཁྱོན་སྔར་ལས་ཇེ་ཆུང་དུ་སོང་ཡོད་ཟེར། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།