ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་གྱི་སྐབས་བཅུ་དགུ་བའི་ས་གནས་མི་དམངས་གྲོས་ཚོགས་ཀྱི་གྲོས་མིའི་འདེམ་བསྐོའི་བྱ་འགུལ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁྲའོ་ཞན་གྱི་སྐབས་བཅུ་དགུ་བའི་ས་གནས་མི་དམངས་གྲོས་ཚོགས་ཀྱི་གྲོས་མིའི་འདེམ་བསྐོའི་བྱ་འགུལ་ཚེས་ཉེར་གཅིག་ཉིན་སྤེལ་ཏེ། ཁྲའོ་ཞན་རྒྱལ་ཡོངས་ཀྱི་ཐད་གཏོགས་གྲོང་ཁྱེར་དང་གྲོང་ཁུལ། རྫོང་བཅས་ཀྱི་མི་དམངས་གྲོས་ཚོགས་ཀྱི་གྲོས་མི་བདམས་ཐོན་བྱུང་། 

གསར་འགོད་པས་ཉིན་དེར་ཕེན་རང་གི་འདེམ་ཤོག་འཕེན་ས་ཞིག་ནས་མཐོང་བ་ལྟར་ན། ས་དེའི་སྡོད་དམངས་ཀྱིས་གོ་རིམ་ལྡན་པའི་སྒོ་ནས་གྲལ་བསྒྲིགས་ཏེ་འདེམ་ཤོག་འཕེན་བཞིན་ཡོད་པ་དང་། མི་མི་ཉུང་བ་ཞིག་གིས་དུས་ཆེན་གྱི་འཕྱོར་ལྭ་གྱོན་ནས་གླུ་གར་གྱི་དཔལ་ལ་རོལ་བཞིན་ཡོད། 

ས་དེའི་འདེམ་ཁུལ་ཞིག་གི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ་ཀྲིན་ཀོང་ཅིན་གྱིས་བཤད་རྒྱུར། ས་གནས་མི་དམངས་གྲོས་ཚོགས་ཀྱི་གྲོས་མིའི་འདེམ་སྒུག་མི་སྣ་དེ་འདེམ་ཁུལ་སོ་སོས་དམངས་གཙོ་གཅིག་བསྡུས་ལམ་ལུགས་ཀྱི་རྩ་དོན་གཞིར་བཟུང་ནས་མཚམས་སྦྱོར་བྱས་པ་ཡིན་ལ། འདེམ་ཁུལ་སོ་སོའི་འདེམ་དམངས་ཀྱི་ཐུན་མོང་གི་རེ་འདུན་མཚོན་ཡོད་ཟེར། 

ཁྲའོ་ཞན་གྱི་རྩ་ཁྲིམས་གཏན་འཁེལ་ལྟར་ན། ས་གནས་མི་དམངས་གྲོས་ཚོགས་ཀྱི་གྲོས་མི་དེ་ཡོངས་ཁྱབ་དང་འདྲ་མཉམ། ཐད་ཀར་བདམས་ཐོན་བཅས་ཀྱི་རྩ་དོན་གཞིར་བཟུང་སྟེ། འདེམ་ཤོག་འཕེན་པའི་ཐབས་ཀྱིས་བདམས་ཐོན་བྱེད་པ་རེད། ས་གནས་མི་དམངས་གྲོས་ཚོགས་ཀྱི་སྐབས་རེའི་འགན་ཡུན་ལོ་བཞི་ཡིན་པ་དང་། ས་གནས་རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་འཆར་གཞི་དང་དེ་ལག་བསྟར་བྱེད་པའི་གནས་ཚུལ་སྙན་ཞུ་མཆན་འགོད་བྱེད་པ་དང་། ས་གནས་ཀྱི་སྔོན་རྩིས་དང་དེའི་ལག་བསྟར་གནས་ཚུལ་སྙན་ཞུ་ལ་མཆན་འགོད་བྱེད་པ། རིམ་པ་དེའི་མི་དམངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དང་ཨུ་ཡོན་ཀྲང་གཞོན་པའི་བསྐོ་འཇོག་དང་འགན་ལེན་བྱེད་པ་སོགས་འགན་དབང་མང་བོ་ལག་བསྟར་བྱེད་བཞིན་ཡོད་པ་རེད། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།