ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་ལྷོ་ཕྱོགས་ཀྱི་ཁུའུ་ནེ་ཐི་ལཱ་ཞིང་ཆེན་དུ་དབྱི་སི་རལ་གྱི་འཕུར་མདའི་འཇབ་རྒོལ་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་རི་ཡཱའི་དཔོན་ཕྱོགས་གསར་འགྱུར་ལས་རིགས་ཀྱིས་ཟླ་བརྒྱད་པའི་ཚེས་གཅིག་ཉིན་བསྒྲགས་པ་ལྟར་ན། སི་རི་ཡཱའི་ལྷོ་ཕྱོགས་ཀྱི་ཁུའུ་ནེ་ཐི་ལཱ་ཞིང་ཆེན་དུ་ཉིན་དེར་དབྱི་སི་རལ་གྱི་འཕུར་མདའི་འཇབ་རྒོལ་ཐེབས་ཏེ། ས་དེའི་སྒྲིག་ཆས་ལ་གཏོར་བརླག་ཐེབས་ཡོད་ཟེར། 

ས་དེའི་ཚེས་གཅིག་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཉིས་ཡས་མས་སུ། དབྱི་སི་རལ་དམག་ཕྱོགས་ཀྱིས་ཁུའུ་ནེ་ཐི་ལཱ་ཞིང་ཆེན་ནུབ་ཕྱོགས་ཀྱི་ཐེ་ལེ་པེད་ལི་ཀའེ་ས་ཁུལ་དུ་འཕུར་མདའི་འཇབ་རྒོལ་བྱས་ཏེ། ས་དེའི་སྒྲིག་ཆས་ལ་གཏོར་བརླག་ཐེབས་ཀྱང་མི་སྣར་ཤི་རྨས་ཐེབས་མེད་ཟེར། 

གཞན་ཡང་སྤྱི་ཁྱབ་པུའུ་དབྱིན་ཇིའི་ལོན་ཏོན་དུ་ཡོད་པའི་སི་རི་ཡཱའི་འགྲོ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་འཕུར་མདའི་འཇབ་རྒོལ་དམིགས་ཡུལ་ནི་ཐེ་ལེ་པེད་ལི་ཀའེ་ས་ཁུལ་གྱི་སི་རི་ཡཱའི་སྲིད་གཞུང་དམག་དཔུང་དང་སྲིད་གཞུང་ལ་བློ་ཉེ་བའི་སི་རི་ཡཱ་དང་ཕྱི་རྒྱལ་གྱི་དམངས་དམག་དག་རེད་ཟེར། 

དབྱི་སི་རལ་ཕྱོགས་ཀྱིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ཐད་ནས་དཔྱད་བརྗོད་སྤེལ་མེད་ཀྱང་། ཀི་ལན་མཐོ་སྒང་གི་སྡོད་དམངས་ཀྱིས་བཤད་རྒྱུར། ཉིན་དེར་འགས་གཏོར་གྱི་སྒྲ་ཆེན་པོ་ཐོས་ཐུབ་ཟེར། 

སི་རི་ཡཱའི་ཁུའུ་ནེ་ཐི་ལཱ་ཞིང་ཆེན་དེ་དབྱི་སི་རལ་དང་འདབས་འབྲེལ་དུ་ཡོད་པ་དང་། དབྱི་སི་རལ་གྱིས་གཅིག་སྟོང་དགུ་བརྒྱ་རེ་བདུན་ལོའི་དབུས་ཤར་གྱི་འཐབ་འཁྲུག་ཐེངས་གསུམ་པའི་སྐབས་སུ་ཁུའུ་ནེ་ཐི་ལཱ་ཞིང་ཆེན་གྱི་ཀི་ལན་མཐོ་སྒང་བཙན་བཟུང་བྱས་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།