ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཇི་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་གྱི་གྲོས་མོལ་ལངས་ཕྱོགས་བསྒྱུར་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན། དབྱིན་ཇི་སྲིད་གཞུང་གི་མགྲིན་ཚབ་པས་ཚེས་དྲུག་ཉིན་བཤད་རྒྱུར། ཡོ་ཧན་ཞོན་གྱི་དབུ་བཞུགས་བློན་ཆེན་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་མགོ་ཁྲིད་པ་དང་མཉམ་དུ་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་གསར་བར་གྲོས་མོལ་བྱེད་འདོད་ཡོད་ཀྱང་། གྲོས་མཐུན་གསར་བ་ལས་ངེས་པར་དུ་སྔོན་ཆད་ཀྱི་གྲོས་མཐུན་ཁྲོད་ཀྱི་ཨིར་ལན་བྱང་མའི་རྒྱལ་མཚམས་གནད་དོན་སྐོར་གྱི་བཀོད་སྒྲིག་མེད་པར་གཏོང་དགོས་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་ལངས་ཕྱོགས་བསྒྱུར་དགོས་ཟེར། 

དབྱིན་ཇིའི་སྲིད་གཞུང་གི་མགྲིན་ཚབ་པས་བཤད་རྒྱུར། དབྱིན་ཇི་ཡིས་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་ཡོ་རོབ་གླིང་མནའ་འབྲེལ་བར་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་དེའི་སྔོན་གྱི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་ལ་བཟོ་བཅོས་བྱེད་མི་སྲིད་པའི་རྣམ་འགྱུར་དེར་ཡང་བསྐྱར་བསམ་བློ་གཏོང་དགོས་པའི་འབོད་སྐུལ་བཏང་ཟེར། 

དབྱིན་ཇིའི་སྔོན་ཆད་ཀྱི་དབུ་བཞུགས་བློན་ཆེན་ཐི་ལོས་ཧྲ་མཱེ་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་བཀོད་པའི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་དེར་དབྱིན་ཇིའི་གྲོས་ཁང་ཞོལ་མས་ཐེངས་གསུམ་ལ་གྲོས་བསྡུར་བྱས་ཀྱང་གྲོས་འཆམ་མ་བྱུང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཐེངས་མང་བོར་དབྱིན་ཇིའི་བར་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་ཐད་ནས་གྲོས་མོལ་བྱེད་མི་སྲིད་པའི་ཚུལ་བསྟན་མྱོང་། 

ཡོ་ཧན་ཞོན་གྱིས་ཐེངས་མང་བོར་བསྟན་དོན། དབྱིན་ཇི་ཡིས་ཧུར་ཐག་སྒོས་ཡོ་རོབ་གླིང་མནའ་འབྲེལ་བར་གྲོས་མཐུན་གསར་བ་འགོད་རྒྱུའི་ཚུལ་བསྟན་ཡང་། དབྱིན་ཇི་ཡིས་ངེས་པར་དུ་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་གྱི་དུས་ཡུན་གསར་བའི་ནང་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་བྱ་བ་ཡོངས་འགྲུབ་བྱེད་དགོས་པ་ནན་བཤད་བྱས། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།