ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་ཀྲུང་དབྱང་དངུལ་ཁང་གིས་འཛམ་གླིང་ཡོངས་ཀྱི་འཕར་སྣོན་མདུན་ལྗོངས་སྔར་ལས་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཉེན་བརྡ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧུ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡོ་རོབ་གླིང་ཀྲུང་དབྱང་དངུལ་ཁང་གིས་ཚེས་བརྒྱད་ཉིན་དཔལ་འབྱོར་སྤྱི་སྒྲོག་སྤེལ་ཏེ། འཛམ་གླིང་ཡོངས་ཀྱི་འཕར་སྣོན་མདུན་ལྗོངས་སྔར་ལས་ཇེ་སྡུག་ཏུ་འགྲོ་བའི་ཉེན་ཁ་ཡོད་པའི་ཚུལ་བསྟན། 

སྤྱི་སྒྲོག་ལས་བཤད་རྒྱུར། གཏན་འཇགས་ཀྱི་ངལ་རྩོལ་ནུས་པའི་ཚོང་རའི་ཁེ་ཕན་དབང་གིས་མིག་སྔའི་བར་དུ་འཛམ་གླིང་ཡོངས་ཀྱི་མི་སྒེར་འཛད་སྤྱོད་ཀྱི་སྤྱིའི་འཕར་སྣོན་བཟང་། ཡིན་ཡང་ད་ལོའི་དུས་ཚིགས་གཉིས་པའི་འཛམ་གླིང་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་ཉོ་བསྡུའི་བར་ཁེ་བའི་དམིགས་ཚད་ཇེ་དམའ་རུ་སོང་བ་དང་། མི་སྒེར་གྱི་འཛད་སྤྱོད་མདུན་ལྗོངས་ལ་ཉེན་ཁ་ཐེབས་ཡོད། དེའི་ཞོར་དུ་འདས་པའི་དུས་ཚུགས་འགའི་ནང་འཛམ་གླིང་ཡོངས་ཀྱི་དངུལ་གཏོང་འཕར་ཚད་ཇེ་དལ་དུ་སོང་བ་དང་། རྒྱུ་རྐྱེན་གཙོ་བོ་ནི་གཏན་འཇགས་མིན་པའི་འཕར་སྣོན་དང་དངུལ་གསོག་ཆ་རྐྱེན་ཇེ་མང་དུ་སོང་བས་རེད་ཟེར། 

སྤྱི་སྒྲོག་ལས་ད་རུང་བསྟན་དོན། དུས་ཡུན་རིང་བོར་གཏན་འཇགས་མིན་པའི་རྒྱུ་རྐྱེན་གྱིས་ཡོ་སྒོར་བཀོལ་བའི་ས་ཁུལ་གྱི་འཕར་སྣོན་ལ་ཚོད་འཛིན་ཐེབས་བཞིན་ཡོད་པ་དང་། ཁྱད་པར་དུ་གསར་སྐྲུན་ལས་རིགས་དེ་ལྟར་ཡིན། དེ་འདྲའི་རྒྱབ་ལྗོངས་འོག་ཏུ། ཡོ་སྒོར་བཀོལ་བའི་ས་ཁུལ་གྱི་དངོས་ཟོང་འཁོར་རྒྱུག་གི་སྔོན་རྩིས་དམིགས་ཚད་ཀྱང་ཇེ་དམའ་རུ་སོང་ཡོད། ཡོ་སྒོར་བཀོལ་བའི་ས་ཁུལ་དུ་སྔར་བཞིན་དངུལ་ལོར་སྲིད་ཇུས་ཀྱིས་སྐུལ་སྤེལ་བྱས་ཏེ། དངུལ་གསོག་ཆ་རྐྱེན་བཟང་བོས་དཔལ་འབྱོར་རྒྱ་བསྐྱེད་པར་རྒྱབ་སྐྱོར་ཡོང་བར་ཁག་ཐེག་བྱ་དགོས་ཟེར།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།