ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལིང་ཕུའུ་ཡིས་ཧྥ་རན་སིའི་ཙུང་ཐུང་གིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐད་ནས་རྙོག་དྲ་ཆེ་བའི་བརྡ་བཏང་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།     སྤེལ་དུས། : 2019-08-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར་དྲ་ཚིགས་སྟེང་རྩོམ་ཡིག་སྤེལ་ཏེ། མི་ལ་ལས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐད་ནས་ཨ་མེ་རི་ཁའི་ཚབ་བྱས་ཏེ་རྙོག་དྲ་ཆེ་བའི་བརྡ་གཏོང་རྩིས་ཡོད་པའི་ཚུལ་བསྟན་པ་དང་། ཁོས་ད་རུང་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གི་མིང་དམིགས་སུ་བཀར་ནས་བསྟན་ཡོད།

ཐི་ལིང་ཕུའུ་ཡིས་བཤད་རྒྱུར། དབྱི་ལིང་དཔལ་འབྱོར་ཉམས་ཉེན་ཚབས་ཆེན་གྱི་དཀའ་སྡུག་གི་གནས་སུ་ལྷུང་ཡོད་པ་དང་། མྱུར་མོར་ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་དགོས། ང་ཚོའི་ཚབ་ཡིན་པར་བརྗོད་པ་དེ་དག་གིས་དབྱི་ལིང་ལ་རྙོག་དྲ་ཆེ་བའི་བརྡ་བཏང་ཡོད་ལ། དེའི་ནང་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ཡང་འདུས་ཟེར། 

ཐི་ལིང་ཕུའུ་ཡིས་ད་རུང་བཤད་རྒྱུར། ཨ་མེ་རི་ཁ་རང་ཉིད་ལས་གཞན་ཨ་མེ་རི་ཁའི་ཚབ་ཏུ་སྐད་ཆ་བརྗོད་ཐུབ་པའི་མི་སུ་ཡང་མ་མཆིས་ལ། མི་སུ་དང་གང་གིས་རྣམ་པ་གང་རུང་སྒོས་ང་ཚོའི་ཚབ་བྱེད་པའི་དབང་ཆ་བསྩལ་མེད་ཟེར། 

དེའི་སྔོན་བསྒྲགས་པ་ལྟར་ན། མཱ་ཁི་ལུང་གིས་དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་གདན་ཞུ་བྱས་ཏེ་ཟླ་འདིའི་ཟླ་སྨད་དུ་ཧྥ་རན་སི་ནས་སྤེལ་རྒྱུ་ཡིན་པའི་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚགོས་ལ་ཞུགས་སུ་འཇུག་རྒྱུ་ཡིན་པ་དང་། མཱ་ཁི་ལུང་གིས་ད་རུང་ལུའུ་ཧཱ་ནེ་དང་ཐི་ལིང་ཕུའུ་ཡིས་གྲོས་མོལ་བྱེད་པར་བཀོད་སྒྲིག་བྱེད་འདོད་ཡོད་ཟེར། ཟླ་འདིའི་ཚེས་བདུན་ཉིན། ཧྥ་རན་སིའི་ཕྱི་འབྲེལ་དཔོན་པོས་ལུའུ་ཧཱ་ནེ་གདན་ཞུས་ལྟར་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པའི་བརྗོད་ཚུལ་དེ་ཁས་ལེན་མ་བྱས། 

ཨ་མེ་རི་ཁའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཐི་ལིང་ཕུའུ་ཡིས་ལུའུ་ཧཱ་ནེ་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་གདན་ཞུ་བྱས་པའི་འབྲེལ་ཡོད་གནས་ཚུལ་དབང་གིས་མཱ་ཁི་ལུང་གི་མིང་བཏོན་པ་ཡིན་སྲིད་ཀྱང་། ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་སྨྱན་བྱད་ལ་ཐི་ལིང་ཕུའུ་ཡིས་གཏམ་བཤད་དེ་འདྲ་སྤེལ་བའི་རྒྱུ་རྐྱེན་འགྲེལ་བཤད་བྱས་མེད།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།