ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་ཕྱོགས་ཀྱིས་ཧན་གོ་དང་ཨ་མེ་རི་ཁའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་མཚམས་འཇོག་རག་བར་དུ་ལྷོ་བྱང་གིས་འབྲེལ་འདྲིས་བྱེད་དཀའ་བའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁྲའོ་ཞན་ཕྱི་འབྲེལ་པུའུ་ཡི་ཨ་མེ་རི་ཁའི་ལས་དོན་ཅུའུ་ཡི་ཅུའུ་ཀྲང་ཆོན་ཀྲིན་ཀིན་གྱིས་ཚེས་བཅུ་གཅིག་ཉིན་བསྟན་དོན། ཧན་གོ་དང་ཨ་མེ་རི་ཁས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་མཚམས་མ་བཞག་གོང་། ལྷོ་བྱང་གིས་གྲོས་མོལ་བྱེད་པ་མངོན་འགྱུར་བྱེད་དཀའ་ཟེར། 

ཆོན་ཀྲིན་ཀིན་གྱིས་བཤད་རྒྱུར། ཧན་གོའི་ཕྱོགས་ཀྱིས་ཁྲའོ་ཞན་གྱི་རྒྱུན་ལྡན་མཚོན་ཆའི་གསར་སྤེལ་དང་ཚོད་ལྟའི་གནད་དོན་ལ་འུ་བརྗོད་ཆེན་པོ་བྱེད་པ་དང་། བཙན་འཛུལ་གྱི་ངོ་བོ་ལྡན་པའི་ཧན་གོ་དང་ཨ་མེ་རི་ཁའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་བ་ནི་ནོར་འཁྲུལ་ཆེན་པོ་ཞིག་རེད་ཟེར། 

ཧན་གོ་དང་ཨ་མེ་རི་ཁས་ཚེས་ལྔ་ཉིན་ནས་བཟུང་ཉིས་སྟོང་བཅུ་དགུ་ལོའི་ལོ་སྨད་ཀྱི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས། ཁྲའོ་ཞན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཚེས་དྲུག་ཉིན་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་བ་དེ་སིང་ག་ཕོར་གྱི་ཁྲའོ་ཞན་དང་ཨ་མེ་རི་ཁའི་ཐུན་མོང་གསལ་སྒྲོག་དང་། ཁྲའོ་ཞན་དང་ཧན་གོའི་བསྒྲགས་གཏམ་རབ་དང་རིམ་པའི་དགོངས་དོན་ལ་འགལ་ཡོད་པར་སྐྱོན་འཛུགས་བྱས། མགྲིན་ཚབ་པ་དེས་བཤད་རྒྱུར། རྐྱེན་དེ་ལས་ཁྲའོ་ཞན་ཕྱོགས་ཀྱིས་ངོ་རྒོལ་བྱེད་ཐབས་སྤྱོད་སྲིད་པ་དང་། དེར་ཨ་མེ་རི་ཁ་དང་ཧན་གོས་བསྐྱུར་ཐབས་མེད་པའི་འགན་འཁྲི་ཁུར་ཡོད་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།