ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥེ་རི་ཁ་ལྷོ་མའི་འཕེལ་རྒྱས་ཐུན་མོང་ཚོགས་པའི་མགོ་གཙོའི་གྲོས་ཚོགས་སྐབས་སོ་དགུ་བ་ནས་ས་ཁུལ་གྱི་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོགས་ཡུན་ཉིན་གཉིས་ཡིན་པའི་ཨ་ཧྥེ་རི་ཁ་ལྷོ་མའི་འཕེལ་རྒྱས་ཐུན་མོང་ཚོགས་པའི་མགོ་གཙོའི་གྲོས་ཚོགས་སྐབས་སོ་དགུ་བ་ཚེས་བཅོ་བརྒྱད་ཉིན་ཐན་ཙན་ནི་ཡཱའི་ཆེས་ཆེ་བའི་གྲོང་ཁྱེར་ཏཱ་ལོས་སི་སཱ་ལཱ་མུའུ་ནས་གྲོལ། གྲོས་ཚོགས་ནས་སྤྱི་སྒྲོག་སྤེལ་ཏེ། ཨ་ཧྥེ་རི་ཁ་ལྷོ་མའི་འཕེལ་རྒྱས་ཐུན་མོང་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་སོ་སོས་སྔར་ལས་ལྷག་པའི་སྒོ་ནས་མཉམ་ལས་ལ་ཤུགས་སྣོན་བྱས་ནས། མཉམ་དུ་ས་ཁུལ་དེའི་བདེ་འཇགས་འགྲན་རྩོད་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། 

སྤྱི་སྒྲོག་ལས་བཤད་རྒྱུར། ཨ་ཧྥེ་རི་ཁ་ལྷོ་མའི་འཕེལ་རྒྱས་ཐུན་མོང་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་དག་གི་མགོ་ཁྲིད་པས་ས་ཁུལ་གྱི་བདེ་འཇགས་གནད་དོན་དང་། ཁྱད་པར་དུ་འཇིགས་སྐུལ་རིང་ལུགས་དང་རྒྱལ་ཁོངས་བརྒལ་བའི་ནག་ཉེས་དེ་མིག་སྔར་ས་ཁུལ་གྱི་འཕེལ་རྒྱས་ལ་གནོད་པ་བཟོ་བའི་གནད་དོན་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་གསལ་བོར་ཤེས་ཡོད་ལ། རྒྱལ་ཁབ་སོ་སོའི་བདེ་འཇགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། སྔར་མོ་ནས་ས་ཁོངས་ཀྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འཐབ་ཇུས་དང་འགུལ་སྐྱོད་འཆར་གཞི་གཏན་འབེབས་ལག་བསྟར་བྱེད་དགོས་ཟེར། རྒྱལ་ཁབ་སོ་སོས་མཉམ་འབྲེལ་བྱས་ཏེ་མཚོ་ཐོག་ནག་ཉེས་དང་། མཚོ་ཇག མཚོ་ཐོག་དུག་རྫས། མཚོན་ཆའི་ལྐོག་འཚོང་སོགས་རྒྱལ་ཁོངས་བརྒལ་བའི་ཁྲིམས་འགལ་བྱ་སྤྱོད་བཅས་ལ་ཆམ་ཕབ་གཏོང་བའི་ཐད་ནས་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། ཨ་ཧྥེ་རི་ཁ་གླིང་ལྷོ་ཕྱོགས་ས་ཁུལ་གྱི་ཉིས་སྟོང་བཅོ་བརྒྱད་ལོ་ནས་ཉིས་སྟོང་བཅུ་དགུ་ལོའི་སྟོན་བསྡུའི་འབྲུ་རིགས་ཀྱི་ཐོན་ཚད་སྤྱི་ཕྱོགས་ནས་ཇེ་ཉུང་དུ་སོང་ཡོད། ཡང་དང་བསྐྱར་དུ་བྱུང་བའི་ཐན་སྐམ་དང་འབྲུ་རིགས་དཀོན་པའི་གནད་དོན་ལ་དམིགས་ནས། ཁོངས་གཏོགས་རྒྱལ་ཁབ་སོ་སོས་ཐག་གཅོད་འཆར་གཞི་ལག་བསྟར་གང་ལེགས་བྱ་དགོས། དེ་ལས་གཞན་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པས་ཀྱང་བྱེད་ཐབས་སྤྱད་དེ་ས་ཁུལ་གྱི་བཟོ་ལས་ཅན་གྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བར་ཡིད་འཐད་བྱུང་ཡོད་ཟེར། 

ཨ་ཧྥེ་རི་ཁ་ལྷོ་མའི་འཕེལ་རྒྱས་ཐུན་མོང་ཚོགས་པར་ཁོངས་གཏོགས་རྒྱལ་ཁབ་བཅུ་དྲུག་ཡོད་པ་དང་། དེའི་དམིགས་ཡུལ་ནི་འདྲ་མཉམ་དང་གཉིས་ཕན། དོ་མཉམ་བཅས་ཀྱི་རྨང་གཞིའི་སྟེང་སྒོ་འབྱེད་ཀྱི་དཔལ་འབྱོར་འཛུགས་སྐྲུན་བྱེད་པ་དང་། སྒོ་ཁྲལ་གྱི་བཀག་རྒྱ་མེད་པར་བཏང་ནས། ཕན་ཚུན་བར་གྱི་ཉོ་ཚོང་དང་དངུལ་གཏོང་ལ་སྐུལ་འདེད་གཏོང་དགོས། མི་སྣ་དང་དངོས་ཟོང་། ངལ་རྩོལ་པ་བཅས་ཀྱི་རང་དབང་གི་འགྲོ་འོང་མངོན་འགྱུར་བྱས་ཏེ། རིམ་བཞིན་སྒོ་ཁྲལ་དང་དངུལ་ལོར་གཅིག་གྱུར་བྱས་ནས་མཇུག་མཐར་ས་ཁུལ་གྱི་དཔལ་འབྱོར་གཞི་གཅིག་ཅན་མངོན་འགྱུར་བྱེད་པའི་ཆེད་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།