ཀྲུང་གོ་བོད་ཀྱི་དྲ་བ།

ཉིས་སྟོང་བཅུ་དགུ་ལོའི་རྒྱལ་སྤྱིའི་དམག་དོན་འགྲན་སྡུར་མཇུག་བསྡུ་བའི་མཛད་སྒོ་མའོ་སི་ཁི་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིས་སྟོང་བཅུ་དགུ་ལོའི་རྒྱལ་སྤྱིའི་དམག་དོན་འགྲན་སྡུར་མཇུག་བསྡུ་བའི་མཛད་སྒོ་དེ་ཚེས་བཅུ་བདུན་ཉིན་གྱི་དགོང་མོར་ཨུ་རུ་སིའི་རྒྱལ་ས་མའོ་སི་ཁིའི་ཉེ་འདབས་ཀྱི་རྒྱལ་གཅེས་མཁན་སྤྱི་གླིང་ནས་སྤེལ། ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ་མཛད་སྒོར་ཞུགས་པར་མ་ཟད་གཏམ་བཤད་སྤེལ། 

ཐེངས་འདིའི་འགྲན་སྡུར་ནི་ཟླ་བརྒྱད་པའི་ཚེས་གསུམ་ཉིན་ནས་ཚེས་བཅུ་བདུན་ཉིན་བར་རྒྱལ་ཁབ་བཅུ་ནས་སྤེལ་བ་རེད། ཨུ་རུ་སི་དང་ཀྲུང་གོ། ཨ་སེ་པེད་ཅང་། ཨུ་རུ་སི་དཀར་པོ་སོགས་རྒྱལ་ཁབ་དང་ས་ཁུལ་སུམ་ཅུ་ལྷག་ནས་ཡོང་བའི་འཐུས་ཚབ་རུ་ཁག་ཉིས་བརྒྱ་ལྷག་འགྲན་སྡུར་རྣམ་གྲངས་སོ་གཉིས་ལ་ཞུགས་པ་དང་། འགྲན་ཞུགས་མི་གྲངས་མི་སྟོང་ལྔ་ལྷག་ལ་བསླེབ་ཡོད། 

ཧྲའོ་དབྱེ་ཀུའུ་ཡིས་ཞུ་ཚིག་འབུལ་སྐབས་འགྲན་ཞུགས་ཕྱོགས་ཁག་སོ་སོར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། རྒྱལ་སྤྱིའི་དམག་དོན་འགྲན་སྡུར་དེ་འགྲན་སྡུར་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་དང་། དེར་ཞུགས་མཁན་གྱི་ཁ་གྲངས་ཇི་ལྟར་མང་ན་ཞི་བདེ་དེ་ལྟར་སྔར་ལས་སྲ་བརྟན་དུ་འགྲོ་སྲིད་ཟེར། ཨུ་རུ་སིའི་ཕྱོགས་ཀྱིས་སང་ལོའི་རྒྱལ་སྤྱིའི་དམག་དོན་འགྲན་སྡུར་ལ་ཞུགས་མཁན་སྔར་ལས་ཇེ་མང་དུ་འགྲོ་བ་དང་། རྒྱལ་ཁབ་སོ་སོའི་དམ་ཕྱོགས་བར་གྱི་མཛའ་བརྩེ་འགྲན་སྡུར་དེ་བརྒྱུད་ནས་སྔར་ལས་དམ་ཟབ་ཏུ་འགྲོ་སྲིད་པར་ཡིད་ཆེས་ཡོད་པའི་ཚུལ་བསྟན། 

མཇུག་བསྡུའི་མཛད་སྒོ་དེ་རྒྱལ་སྤྱིའི་དམག་དོན་འགྲན་སྡུར་གྱི་ཚོགས་གླུ་གཟི་བརྗིད་ཀྱི་ཕུགས་འདུན་ཞེས་པའི་ཁྲོད་སྤེལ་མགོ་བརྩམས་པ་དང་། མི་རིགས་ཀྱི་གླུ་གར་འཁྲབ་སྟོན་དང་བྱ་དགའ་སྟེར་བའི་བྱ་འགུལ་རེས་མོས་ཀྱིས་སྤེལ་བ་རེད། འགྲན་སྡུར་ལ་ཞུགས་པའི་རྒྱལ་ཁབ་སུམ་ཅུ་ལྷག་གི་སྒྱུ་རྩལ་པ་ཚོས་ལྟད་མོ་བར་མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་རིག་གནས་ཀྱི་གསོལ་སྟོན་གྱ་ནོམ་པ་ཞིག་ཕུལ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།