ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཇི་ཡིས་ཡོ་རོབ་གླིང་མནའ་འབྲེལ་ལ་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་གྱི་གྲོས་མོལ་ཆ་རྐྱེན་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཡོ་ཧན་ཞོན་གྱིས་ཚེས་བཅུ་དགུའི་ཉིན་ཡོ་རོབ་གླིང་མནའ་འབྲེལ་ལ་འཕྲིན་ཡིག་བསྐུར་ཏེ། དངོས་སུ་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མོལ་གྱི་ཆ་རྐྱེན་གསར་བ་བཏོན། དེ་ནི་ཡོ་ཧན་ཞོན་གྱིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱི་འགན་ཁུར་ནས་ཟླ་ངོ་གཅིག་ཙམ་གྱི་རྗེས་སུ་ཐོག་དང་པོར་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་ལས་དོན་ཐད་ནས་རང་འགུལ་སྒོས་ཡོ་རོབ་གླིང་མནའ་འབྲེལ་བར་འབྲེལ་གཏུག་བྱས་པ་རེད། 

དབྱིན་ཇིའི་དབུ་བཞུགས་བློན་ཆེན་བཞུགས་ཤག་གིས་ཉིན་དེར་འཕྲིན་ཡིག་དེའི་ནང་དོན་སྨྱན་བྱད་ལ་ཁྱབ་སྒྲོག་བྱས། ཡོ་ཧན་ཞོན་གྱིས་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐུའུ་སི་ཁི་ལ་བསྐུར་བའི་འཕྲིན་ཡིག་དེའི་ནང་བསྟན་དོན། དབྱིན་ཇིའི་དེའི་སྔོན་གྱི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་ལས་ཆེས་ཡིད་འཐད་མིན་པའི་གནད་ནི་ཨིར་ལན་བྱང་མའི་མཐའ་མཚམས་གནད་དོན་སྐོར་ལ་ཐུག་ཡོད། དོན་དེས་དབྱིན་ཇིའི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་གནོད་པ་བཟོས་ཡོད་པར་མ་ཟད་དམངས་གཙོ་དང་མི་ལྡན། ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་གསར་བ་ལས་ངེས་པར་དུ་དོན་དེ་རྩིས་མེད་དུ་གཏོང་དགོས་ཟེར། 

ཡོ་ཧན་ཞོན་གྱིས་དབྱིན་ཇི་དང་ཡོ་རོབ་གླིང་ཕྱོགས་གཉིས་ཀྱིས་བབ་བསྟུན་ཆེ་ཞིང་གསར་གཏོད་རང་བཞིན་ལྡན་པའི་ཚབ་བྱེད་ཇུས་གཞི་ཞིག་བཏོན་ནས། ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བ་ལས་བཟོས་པའི་ཨིར་ལན་བྱང་མའི་མཐའ་མཚམས་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།