ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བརྒྱད་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་དམག་ཕྱོགས་ཀྱིས་ཚེས་བརྒྱད་ཉིན་བཤད་རྒྱུར། ཨ་མེ་རི་ཁ་གཙོ་བྱས་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་མནའ་འབྲེལ་གྱིས་ཉིན་དེར་དབྱི་རག་བྱང་ཕྱོགས་ཀྱི་ནེ་ནེ་ཝེ་ཞིང་ཆེན་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བརྒྱད་བསད་ཟེར། 

དབྱི་རག་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། ནེ་ནེ་ཝེ་ཞིང་ཆེན་དམག་ཕྱོགས་ཀྱིས་འདོན་སྤྲོད་བྱས་པའི་གསང་འཕྲིན་ལྟར། རྒྱལ་སྤྱིའི་མནའ་འབྲེལ་གྱིས་ཉིན་དེར་གནམ་གྲུ་མངག་ནས་ནེ་ནེ་ཝེ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་མའོ་སུའུ་ཨར་ལྷོ་ངོས་ཀྱི་སྤྱི་ལེ་ཉི་ཤུའི་མཚམས་སུ་ཡོད་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་པའི་སྦས་སྐོང་བྱེད་ས་ཞིག་ལ་བར་སྣང་འཇབ་རྒོལ་བྱས་ཏེ། དྲག་ཆས་ཉེས་ཅན་བརྒྱད་བསད་ཟེར། 

མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་ཡིས་ད་རུང་བསྟན་དོན། དབྱི་རག་གི་བདེ་འཇགས་དམག་དཔུང་གིས་སཱ་ལཱ་ཧི་ཏེན་ཞིང་ཆེན་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་དགུ་འཛིན་བཟུང་བྱས་པ་དང་། གསང་འཕྲིན་ལས་མངོན་པ་ལྟར་ན་ཁོ་ཚོས་གྲོས་ཁང་གི་ཐོག་ཁང་ཆེན་མོ་དང་བདེ་འཇགས་དམག་དཔུང་ལ་འཇབ་རྒོལ་བྱེད་པའི་འཆར་གཞི་ཡོད་པ་རེད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།