ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཨུ་རུ་སི་དང་ཧྥ་རན་སི་ཡིས་མུ་མཐུད་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་སོར་འཇོག་བྱེད་པའི་ཐད་ནས་མཉམ་ལས་བྱེད་དགོས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་དགུའི་ཉིན་བསྟན་དོན། ཨུ་རུ་སི་དང་ཧྥ་རན་སི་ཡིས་མུ་མཐུད་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་སོར་འཇོག་བྱེད་པའི་ཐད་ནས་མཉམ་ལས་བྱེད་དགོས་ཟེར། 

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་དགུའི་ཉིན་གསལ་སྒྲོག་སྤེལ་ཏེ། ལཱ་ཧྥུའུ་ལོ་ཧྥུའུ་དང་ཨུ་རུ་སིའི་རྒྱལ་སྲུང་པུའུ་ཀྲང་ཧྲའོ་དབྱེ་ཀུའུ། ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་ལེ་ཏི་ལི་ཨང་། ཧྥ་རན་སིའི་རྒྱལ་སྲུང་བློན་ཆེན་ཕཱ་ལེ་བཅས་ཀྱིས་ཉིན་དེར་མའོ་སི་ཁི་ནས་གྲོས་ཚོགས་བསྡུས། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་གྲོས་མོལ་བྱས་རྗེས་ཀྱི་མཉམ་དུ་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཨུ་རུ་སི་དང་ཧྥ་རན་སི་ཡིས་མུ་མཐུད་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་སོར་འཇོག་བྱེད་པའི་ཐད་ནས་མཉམ་ལས་བྱེད་དགོས་ཟེར། ཕྱོགས་གཉིས་ཀྱིས་བལྟས་ན། གྲོས་མཐུན་དེར་བློ་གཏོད་རུང་བའི་ཚབ་བྱེད་ཀྱི་ཇུས་གཞི་མེད་པར་འདོད། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཧྥ་རན་སི་ཡིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་སོར་འཇོག་བྱས་པ་དང་། དབྱི་ལིང་གི་འབྲེལ་ཡོད་ཚོང་ལས་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་ཐད་ནས་གྲོས་གཞི་བཏོན་པར་དགའ་བསུ་ཞུ་བཞིན་ཡོད་ཟེར། 

འབྲིང་འཕེན་འཕུར་མདའི་གནད་དོན་གླེང་སྐབས་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སི་དང་ཧྥ་རན་སི་ཕྱོགས་གཉིས་ཀྱིས་ཨ་མེ་རི་ཁ་འབྲིང་འཕེན་འཕུར་མདའི་ཆིངས་ཡིག་ལ་ཕྱིར་བུད་རྗེས་ཀྱི་འཐབ་ཇུས་གནས་བབ་ལ་གྲོས་བསྡུར་བྱས། ཨུ་རུ་སིའི་ཕྱོགས་གཉིས་ཀྱི་གནད་དོན་དེའི་ཐད་ཀྱི་ལངས་ཕྱོགས་གསལ་བོ་ཡིན། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁ་དང་འབྲེལ་ཡོད་མ་ལག་བཀོད་སྒྲིག་བྱས་མེད་པའི་ས་ཁུལ་དུ་རིགས་མཐུན་གྱི་མ་ལག་བཀོད་སྒྲིག་བྱེད་མི་སྲིད་ཟེར། ཨུ་རུ་སིའི་ཕྱོགས་ཀྱིས་གནད་དོན་དེའི་ཐད་ནས་བྱང་ཆིངས་རྩ་འཛུགས་གདན་ཞུ་བྱས་ཏེ་གྲོས་བསྡུར་བྱས་ཀྱང་། དགོས་ངེས་ཀྱི་ལན་བྱིན་མེད། 

ལེ་ཏི་ལི་ཨང་གིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཧྥ་རན་སི་ཕྱོགས་ཀྱིས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་འཁྲུག་རྩོད་གནད་དོན་ཐག་གཅོད་བྱེད་པའི་ནོའུ་མན་ཏིས་རྣམ་པའི་རྒྱལ་ཁབ་བཞིའི་མཐོ་རིམ་གྲོས་ཚོགས་ཉེ་སྔོན་ཕཱ་རེ་སི་ནས་སྤེལ་ཐུབ་པར་རེ་བ་བྱས་ཡོད། ཧྥ་རན་སི་ཡིས་ཨུ་རུ་སི་དང་ཝུའུ་ཁི་ལན་རྒྱལ་ཁབ་གཉིས་ཀྱིས་བཀག་འཇུག་བྱས་པའི་མི་སྣ་བརྗེ་སྤོར་བྱས་པ་དེ་བྱེ་བྲག་གི་གྲུབ་འབྲས་སུ་བརྩིས་ཡོད་པ་དང་། མིག་སྔའི་སྣང་ཚུལ་བེད་སྤྱད་དེ་མེན་སི་ཁིའི་གྲོས་མཐུན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས་པར་འདོད། 

གཞན་ཡང་ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་གསལ་སྒྲོག་ལྟར་ན། ཧྲའོ་དབྱེ་ཀུའུ་ཡིས་བསྟན་དོན། ཉིན་དེའི་གྲོས་ཚོགས་ནས་འབྲིང་འཕེན་ཆིངས་ཡིག་ནུས་མེད་དུ་གྱུར་རྗེས་ཀྱི་ཡོ་རོབ་གླིང་གི་གནས་བབ་ལའང་གྲོས་བསྡུར་བྱས། ཨུ་རུ་སི་དང་ཧྥ་རན་སི་ཕྱོགས་གཉིས་ཀྱིས་འཐབ་ཇུས་མཚོན་ཆ་ཇེ་ཉུང་དུ་གཏོང་བའི་ཆིངས་ཡིག་གསར་བའི་གནད་དོན་ལ་གྲོས་བསྡུར་བྱས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།