ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བཞི་བ་ཚོགས་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

འདི་ནི་ཟླ9བའི་ཚེས17ཉིན་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ཡི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བཞི་བ་ཚོགས་མགོ་རྩོམ་པའི་མཛད་སྒོའི་ཡུལ་དངོས་རྣམ་པ་རེད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བཞི་བ་ཚེས་བཅུ་བདུན་ཉིན་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་ཚོགས་མགོ་བརྩམས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བཞི་བའི་ཀྲུའུ་ཞི་པན་ཏིས་གཉིས་ཀྱིས་ནན་གྱིས་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཧུར་ཐག་སྒོས་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱས་ཏེ། མཉམ་དུ་མིའི་རིགས་ཀྱི་མདུན་དུ་ལྷགས་པའི་དཀའ་སྡུག་དང་འགྲན་རྩོད་ཐག་གཅོད་བྱེད་དགོས་ཟེར། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། དེང་སྐབས་ཀྱི་འཛམ་གླིང་ལ་འགྱུར་ལྡོག་ཆེ་ཞིང་། མིའི་རིགས་ཀྱི་མདུན་དུ་ལྷགས་པའི་འགྲན་རྩོད་ལ་འཛམ་གླིང་རང་བཞིན་ལྡན་པར་མ་ཟད་ཉིན་རེ་བཞིན་གཅིག་འབྲེལ་དུ་འགྱུར་བཞིན་ཡོད། རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པ་དང་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པར་འགུལ་སྐྱོད་སྤེལ་དགོས། ཉིས་སྟོང་ཉི་ཤུ་ལོ་ནི་གནད་འགག་གི་ལོ་ཞིག་ཡིན་པས། ངེས་པར་དུ་མི་རྣམས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དེ་མི་ཚང་མར་འབྲེལ་བ་དང་། ཕྱོགས་མང་རིང་ལུགས་ཀྱིས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ཐག་གཅོད་བྱེད་པར་ཇུས་གཞི་བཟང་བོ་འདོན་སྤྲོད་བྱེད་ཐུབ་པར་ཡིད་ཆེས་ཡོད་དགོས་ཟེར། 

ཁོས་བསྟན་དོན། འཛམ་གླིང་ལ་ཕན་ནུས་ལྡན་པའི་ཕྱོགས་མང་ལས་ཁུངས་མཁོ་བ་དང་། རྒྱལ་སྤྱིའི་འབྲེལ་བས་ཀྱང་ངེས་པར་དུ་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནི་སྒེར་ཚུགས་དང་མེད་དུ་མི་རུང་བའི་གླེང་སྟེགས་ཤིག་ཡིན། མངོན་གསལ་གྱི་ཚད་ཇེ་དྲག་ཏུ་གཏོང་བ་དང་གྲོས་མོལ་ལ་ཤུགས་སྣོན་པ། ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་བཅས་རྒྱལ་ཁབ་བར་གྱི་ཡིད་ཆེས་བཀག་རྒྱ་མེད་པར་གཏོང་བར་གལ་འགངས་ཧ་ཅང་ཆེ་ཟེར། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ནི་སྲིད་གཞུང་བར་གྱི་རྒྱལ་སྤྱིའི་རྩ་འཛུགས་ཤིག་ཡིན་པ་དང་། ཞོར་དུ་རྒྱལ་སྤྱི་དང་ས་ཁུལ་རང་བཞིན་གྱི་རྩ་འཛུགས་གཞན་པའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་དགོས་པ་དང་། ཁེ་ལས་དང་སྤྱི་དམངས་ཀྱི་སྤྱི་ཚོགས་དང་ཁེ་ཕན་གྱི་འབྲེལ་བ་ཡོད་པའི་ཕྱོགས་གཞན་པའི་བར་འབྲེལ་བ་སྔར་ལས་ཟབ་མོ་འཛུགས་དགོས་ཟེར། 

པན་ཏིས་ཀྱིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། སྐབས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནས་དོ་སྣང་བྱེད་པའི་གཙོ་གནད་ནི་རྒྱུན་མཐུད་རང་བཞིན་གྱི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པ་དེ་ཡིན་ལ། དེའི་ནང་དབུལ་ཕོངས་སེལ་བ་དང་ལྟོགས་སྐོམ་མེད་པར་གཏོང་བ། སྤུས་ལེགས་སློབ་གསོ། ནམ་ཟླའི་འགུལ་སྐྱོད། དེ་མིན་བཟོད་སྒོམ་རང་བཞིན་བཅས་འདུས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནས་ཞི་བདེ་དང་བདེ་འཇགས་ལ་སྐུལ་འདེད་གཏོང་བ་དང་། བདེ་འཇགས་ལས་འཛིན་ལྷན་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ཁྲུའུ་ཡིས་མཐུན་སྦྱོར་དང་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་འཁྲུག་རྩོད་སྔོན་འགོག་བྱེད་རྒྱུ་རེད། 

སྐབས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་བརྗོད་སྙིང་ནི་ཕྱོགས་མང་བོར་སྐུལ་མ་བཏང་ནས་དབུལ་ཕོངས་སེལ་བ་དང་། སྤུས་ལེགས་སློབ་གསོར་སྐུལ་འདེད་གཏོང་བ། ནམ་ཟླའི་འགྱུར་ལྡོག་དང་བཟོད་སྒོམ་རང་བཞིན་བཅས་རེད། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུ་དེ་ཚེས་ཉེར་བཞིའི་ཉིན་ནས་བཟུང་སྤེལ་རྒྱུ་ཡིན་པ་དང་། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ཡིས་ནམ་ཟླའི་འགུལ་སྐྱོད་ཀྱི་མཐོ་རིམ་གྲོས་ཚོགས་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་མཐོ་རིམ་གྲོས་ཚོགས་སོགས་རིམ་པ་མཐོ་བའི་གྲོས་ཚོགས་མང་དུ་སྤེལ་རྒྱུ་རེད། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཞིབ་དང་ལྟ་རྟོག ཞིབ་བཤེར་ལས་ཁུངས་གཙོ་བོ་ཞིག་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོས་མཉམ་དུ་གྲུབ་ཡོད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།