ཀྲུང་གོ་བོད་ཀྱི་དྲ་བ།

ལི་པུ་ཡཱའི་སློབ་གྲྭ་ཞིག་ཏུ་མེ་སྐྱོན་བྱུང་སྟེ་མི་ཉེར་དགུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ལི་པུ་ཡཱའི་མེ་གསོད་སྡེ་ཁག་གིས་ཚེས་བཅོ་བརྒྱད་ཉིན་བདེན་དཔང་བྱས་དོན། རྒྱལ་ས་མིན་ལོ་ཝེ་ཡཱའི་ཉེ་འདབས་སུ་ཡོད་པའི་སློབ་གྲྭ་ཞིག་ཏུ་ཚེས་བཅུ་བདུན་ཉིན་གྱི་དགོང་མོར་མེ་སྐྱོན་བྱུང་སྟེ། མི་ཉེར་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་གཉིས་གར་སོང་མ་རྙེད། 

ལི་པུ་ཡཱའི་མེ་གསོད་སྡེ་ཁག་གི་འགན་ཁུར་བ་སཱ་མུས-ཁི་ཡིས་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། རྒུད་སྐྱོབ་མི་སྣས་མེ་སྐྱོན་བྱུང་སའི་ཡུལ་དངོས་ནས་སློབ་མ་ཉེར་བརྒྱད་དང་དགེ་རྒན་གཅིག་གི་བེམ་པོ་རྙེད་པ་དང་། སྔོག་བཤེར་རྒུད་སྐྱོབ་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར། 

སཱ་མུས-ཁི་ཡིས་བཤད་རྒྱུར། རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། མེ་སྐྱོན་ནི་གློག་སྐུད་ཆད་པ་ལས་བྱུང་བ་རེད་ཟེར། ས་དེའི་ཉེན་རྟོག་ཕྱོགས་ཀྱིས་བསྟན་དོན། འབྲེལ་ཡོད་སྡེ་ཁག་གིས་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་གསལ་བོ་བྱེད་བཞིན་ཡོད་ཟེར། 

ལི་པུ་ཡཱའི་ཙུང་ཐུང་ཝེ་ཨ་ཡིས་ཚེས་བཅོ་བརྒྱད་ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པོར་མྱ་ངན་ཞུས་པར་མ་ཟད། འདས་པོའི་ཁྱིམ་ཚང་དང་ལི་པུ་ཡཱའི་མི་ཚང་མར་མཚོན་ན་ད་ནི་སྐྱོ་སྡུག་གི་དུས་སྐབས་ཤིག་རེད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།