ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཨ་ཧྥུའུ་ཧན་གྱི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅུ་དགུའི་ཉིན་གསལ་སྒྲོག་སྤེལ་ཏེ། ཁ་ཚིག་དྲག་པོས་ཉེ་སྔོན་ཨ་ཧྥུའུ་ཧན་ནས་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་རབ་དང་རིམ་པར་རྒོལ་གཏམ་དྲག་པོ་བཏང་བར་མ་ཟད། འདས་པོའི་ཁྱིམ་མི་དང་ཨ་ཧྥུའུ་ཧན་སྲིད་གཞུང་ལ་འཚམས་འདྲི་དང་སེམས་གསོ་བྱས། 

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གསལ་སྒྲོག་ལས་ནན་གྱིས་བསྟན་དོན། ངེས་པར་དུ་རིགས་དེ་མཚུངས་ཀྱི་འཇིགས་སྐུལ་རིང་ལུགས་བྱ་སྤྱོད་ལག་བསྟར་མཁན་དང་རྩ་འཛུགས་མཁན། མ་དངུལ་བཏང་ནས་རོགས་སྐྱོར་བྱེད་མཁན། རྒྱབ་སྐྱོར་མཁན་བཅས་ཁྲིམས་ལ་སྦྱོར་དགོས་ཟེར། གསལ་སྒྲོག་ལས་རྒྱལ་ཁབ་ཚང་མས་རྒྱལ་སྤྱིའི་བཅའ་ཁྲིམས་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ལས་གཏན་འཁེལ་བྱས་པའི་འོས་འགན་གཞིར་བཟུང་ནས། ཨ་ཧྥུའུ་ཧན་སྲིད་གཞུང་དང་འབྲེལ་ཡོད་ཕྱོགས་ཁག་གཞན་པའི་བར་མཉམ་ལས་གང་ལེགས་བྱེད་དགོས་པའི་སྐུལ་མ་བཏང་། 

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་བསྐྱར་སྒྲོག་བྱས་དོན། རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ནི་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ཐད་ཀྱི་འཇིགས་ཉེན་ཚབས་ཆེན་ཞིག་ཡིན་པས། རྒྱལ་ཁབ་ཚང་མས་ངེས་པར་དུ་ནུས་ཤུགས་ཡོད་དགུ་བཏོན་ནས་འཇིགས་སྐུལ་རིང་ལུགས་ཀྱི་བྱ་འགུལ་ལས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ཐད་བཟོས་པའི་འཇིགས་ཉེན་ལ་ཚོད་འཛིན་བྱེད་དགོས་ཟེར། 

ཚེས་བཅུ་དགུའི་ཉིན། ཨ་ཧྥུའུ་ཧན་ལྷོ་ཕྱོགས་ཀྱི་ཁྲ་པུའུ་ཨར་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཁཱ་ལཱ་ཐི་གྲོང་ཁྱེར་ནས་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། མི་བཅོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་རེ་དྲུག་ལ་རྨས་ཕོག ཚེས་བཅུ་བདུན་ཉིན་ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་ཕཱ་ཨར་ཝན་ཞིང་ཆེན་དང་རྒྱལ་ས་ཁཱ་པོར་ནས་སོ་སོར་འཇབ་རྒོལ་དོན་རྐྱེན་རེ་བྱུང་སྟེ། བསྡོམས་པས་མི་ཞེ་དྲུག་རྐྱེན་ལམ་དུ་ཤོར། ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་གྱིས་འཇབ་རྒོལ་དོན་རྐྱེན་དེ་གསུམ་པོ་རང་གིས་བཟོས་པ་ཁས་ལེན་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།