མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧོང་ཡན་གླིང་ཕྲན་གྱི་དུས་བབ་བརྟན་ལྷིང་ཡོང་བཞིན་ཡོད་པས་ཀྲུང་གོའི་ཕྱོགས་ནས་སླར་ཡང་གནས་ཚུལ་མི་འབྱུང་བར་རེ་བ་བྱེད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-30 10:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་ཕྱོགས་ནས་ཧོང་ཡན་གླིང་ཕྲན་དུ་སླེབས་པའི་ཧྥི་ལི་ཕིན་གྱི་གྲུ་གཟིངས་ཕྱིར་བསྐྲོད་བྱས་རྗེས་ཧྥི་ལི་ཕིན་གྱིས་ལྷོ་རྒྱ་མཚོའི་རྩོད་གཞི་དེ་རྒྱལ་སྤྱིར་ཁྲིམས་ཐག་གཅོད་རྒྱུར་འབུལ་རྒྱུའི་ཐག་བཅད་པའི་གནད་དོན་ཐད། ཕྱི་འབྲེལ་པུའི་འགྲིན་ཚབ་པ་ཧུང་ལེས་སྤྱི་ཟླ1པོའི་ཚེས28ཉིན་འཆར་ཅན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག ན་ནིང་ཐོན་པའི་ཧོང་ཡན་གླིང་ཕྲན་གྱི་དོན་གཞི་ནི་ཧྥི་ལི་ཕིན་གྱི་དམག་གྲུས་ཀྲུང་གོའི་ཉ་པ་དང་ཉ་གྲུར་ཚུར་རྒོལ་བྱས་པའི་རྐྱེན་གྱིས་ཐོན་པ་ཞིག་ཡིན། མིག་སྔར། ཧོང་ཡན་གླིང་ཕྲན་གྱི་དུས་བབ་བརྟན་ལྷིང་ཡོང་བཞིན་ཡོད་པས་ཀྲུང་གོའི་ཕྱོགས་ནས་སླར་ཡང་གནད་དོན་མི་ཐོན་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།

སྤྱི་ཚེས26ཉིན། ཧྥི་ལི་ཕིན་གྱིས་ཙུང་ཐུང་ཨ་ཅི་ནོས། ཉེ་དུས་ཀྲུང་གོའི་གྲུ་གཟིངས་ཀྱིས་ཧོང་ཡན་གླིང་ཕྲན་གྱི་མཚོ་ཁོངས་སུ་རླུང་རླབས་ལ་གཡོལ་བར་སླེབས་པའི་ཧྥི་ལི་ཕིན་གྱི་ཉ་གྲུ་ཕྱིར་བསྐྲོད་ཐེངས་གཉིས་བྱས་ཡོད་པས། དེར་བརྟེན་ཧྥི་ལི་ཕིན་གྱིས་ལྷོ་རྒྱ་མཚོའི་རྩོད་གཞི་རྒྱལ་སྤྱིའི་ཁྲིམས་ཁང་ལ་ཁྲིམས་ཐག་གཅོད་རྒྱུར་རྩིས་སྤྲོད་བྱ་རྒྱུའི་ཐག་བཅད་ཡོད། ཧྥི་ལི་ཕིན་ནས་ཀྲུང་གོའི་ཕྱོགས་ཀྱིས་བྱ་ཐབས་དེ་བརྒྱུད་དོན་དངོས་ཐོག་ཧོང་ཡན་གླིང་ཕྲན་ཚོད་འཛིན་བྱས་པ་ཁྱབ་བསྒྲགས་བྱེད་བཅུག་པ་ནི་ཀྲུང་གོའི་ཕྱོགས་ཀྱིས་མུ་མཐུད་ཧྥི་ལི་ཕིན་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ལི་ལེ་ཐན་དུ་བསྐྱོད་རྒྱུར་སྐུལ་ལྕག་བྱས་པ་ཞིག་ཡིན་པས་ཧྥི་ལི་ཕིན་གྱིས་དེ་ལྟར་བྱེད་འཇུག་གི་མ་རེད་ཅེས་བཤད་ཡོད་པ་རེད། ཧུང་ལེས་ལི་ལེ་ཐན་གྱི་གནད་དོན་ཐད་ཀྲུང་གོའི་ཕྱོགས་ཀྱི་རྣམ་འགྱུར་ཁ་གསལ་བསྟན་ཡོད། ལི་ལེ་ཐན་ནི་ལྷ་རྒྱ་མཚོའི་གླིང་ཚོམ་གྱི་ཆ་ཤས་ཤིག་ཡིན་པ་དང་། ཀྲུང་གོར་ལྷོ་རྒྱ་མཚོའི་གླིང་ཚོམ་དང་། དེ་བཞིན་དེའི་ཉེ་འགྲམ་མཚོ་ཁོངས་ལ་རྩོད་མེད་ཀྱི་བདག་དབང་ལྡན་ཡོད། ཀྲུང་གོ་སྲིད་གཞུང་གིས་སྔ་ཕྱི་བར་གསུམ་དུ་ཕྱོགས་གཉིས་དབྱེ་འབྱེད་གྲོས་མོལ་དང་གྲོས་བསྡུར་བྱེད་པ་བརྒྱུད་ལྷོ་རྒྱ་མཚོའི་རྩོད་གཞི་ཐག་གཅོད་བྱེད་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད། དེ་ནི་ཕྱོགས་ཁག་གི་ཐུན་མོང་ངོས་འཛིན་ཡང་ཡིན་ཞེས་གསུངས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག