མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་ཐཱ་ལེའི་ཉེ་འདབས་མཚོ་ཁོངས་སུ་ཡང་བསྐྱར་གནས་སྤོར་སྡོད་དམངས་ཀྱི་གྲུ་གཟིངས་ལ་ཆག་སྒོ་བྱུང་སྟེ་མི50རྐྱེན་ལམ་དུ་ཤོར་བ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-10-12 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བསྒྲགས་པའི་གནས་ཚུལ་ལྟར་ན། མི250དྲུད་ཡོད་པའི་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཀྱི་གྲུ་གཟིངས་ཤིག་ལ་ཚེས11ཉིན་དབྱི་ཐཱ་ལེའི་ལན་ཕའེ་ཏུའུ་སཱ་གླིང་ཕྲན་དང་མི་རིང་བའི་མཚོ་ཁོངས་ནས་ཆག་སྒོ་བྱུང་སྟེ། མི50ཙམ་རྐྱེན་ལམ་དུ་ཤོར། དེ་ནི་ཟླ་འདིའི་ཟླ་མགོར་ལན་ཕའེ་ཏུའུ་སཱ་གླིང་ཕྲན་ཉེ་འདབས་ནས་བྱུང་བའི་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཀྱི་གྲུ་གཟིངས་ལ་ཆག་སྒོ་བྱུང་ཐེངས་གཉིས་པ་རེད།

བསྒྲགས་པ་ལྟར་ན། དོན་རྐྱེན་བྱུང་ས་དེ་ལན་ཕའེ་ཏུའུ་སཱ་གླིང་ཕྲན་ལྷོ་ངོས་ཀྱི་སྤྱི་ལེ་བརྒྱ་དང་བཞི་ཡོད་སའི་མཚོ་ཁོངས་ཡིན་པ་དང་། མར་ཐཱའི་མཚོ་དམག་གིས་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། དོན་རྐྱེན་དེ་ཚེས11ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔ་དང་སྐར་མ་བཅོ་ལྔའི་ཡས་མས་སུ་བྱུང་བ་རེད། གྲུ་གཟིངས་དེས་དབྱི་ཐཱ་ལེ་དང་མར་ཐཱ་ཕྱོགས་ལ་ཉེན་སྐྱོབ་ཀྱི་བརྡ་བཏང་བ་དང་། ཐོག་མར་མར་ཐཱའི་དམག་བཀོལ་གནམ་གྲུ་ཞིག་གིས་རྙེད་པ་རེད། བརྡར་གཅོད་རགས་ཙམ་བྱས་པ་ལྟར་ན། དོན་རྐྱེན་དེ་ནི་གྲུ་གཟིངས་ཀྱི་ཐེག་ཚད་ལས་བརྒལ་བའི་དབང་གིས་བྱུང་བ་རེད། མིག་སྔར་དབྱི་ཐཱ་ལེའི་མཚོ་འགྲམ་ཉེན་རྟོག་པའི་རྒུད་སྐྱོབ་གྲུ་གཟིངས་གཉིས་ཀྱིས་དོན་རྐྱེན་བྱུང་སའི་མཚོ་ཁོངས་སུ་མར་ཐཱའི་མཚོ་དམག་དང་མཉམ་དུ་རྒུད་སྐྱོབ་བྱ་བ་སྤེལ་བཞིན་ཡོད་ལ། མི་བརྒྱ་དང་ལྔ་བཅུ་སྲོག་ཉེན་ལས་བསྐྱབས། དེའི་ནང་ཉུང་མཐར་ཡང་བྱིས་པ་བཅུ་ཡོད།

ཟླ10བའི་ཚེས3ཉིན། མི་ལྔ་བརྒྱ་ལྷག་དྲུད་པའི་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཀྱི་གྲུ་གཟིངས་ཤིག་ལན་ཕའེ་ཏུའུ་སཱ་གླིང་ཕྲན་གྱི་མཚོ་ཁོངས་སུ་མཚོ་ནང་དུ་ནུབ་ནས། མི་སུམ་བརྒྱ་དང་རེ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོ་སྔར་བཞིན་གར་སོང་རྙེད་མེད། དོན་རྐྱེན་དེས་ཡོ་རོབ་གླིང་ཧ་ལས་སུ་བཅུག་ཡོད་ལ། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ལོ་ཙོ་ཡིས་ཚེས་དགུ་ཉིན་ལན་ཕའེ་ཏུའུ་སཱ་གླིང་ཕྲན་དུ་འཚམས་འདྲི་བྱེད་སྐབས། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཉིས་སྟོང་བཅུ་གསུམ་ལོར་དབྱི་ཐཱ་ལེ་ལ་ཡོ་རོབ་གླིང་གི་སྒོར་མོ་བྱེ་བ་གསུམ་འདོན་སྤྲོད་བྱས་ཏེ་གནས་སྤོར་སྡོད་དམངས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐད་བཀོལ་དུ་འཇུག་རྒྱུ་ཁས་ལེན་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག