མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་བུན་གྱིས་ལོ་ཆུང་བུ་མོར་སློབ་གསོའི་གོ་སྐབས་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་བ།

རྩོམ་པ་པོ། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།    2013-10-12 10:46

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ད་ལོའི་ཟླ10བའི་ཚེས11ཉིན་ནི་རྒྱལ་སྤྱིའི་ལོ་ཆུང་བུ་མོའི་ཉིན་མོ་ཐེངས་གཉིས་པ་ཡིན་ཞིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་ཉིན་དེར་ཞུ་ཚིག་ཕུལ་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལོ་ཆུང་བུ་མོར་སློབ་གསོའི་གོ་སྐབས་འདོན་སྤྲོད་བྱས་ཏེ། ལོ་ཆུང་བུ་མོ་དག་གིས་རང་སྟེང་གི་འཕེལ་རྒྱས་མངོན་འགྱུར་བྱས་ནས་མིའི་རིགས་ཀྱི་ཐུན་མོང་གི་མ་འོངས་པའི་ཆེད་དུ་བྱས་རྗེས་འཇོག་ཐུབ་པར་བྱེད་དགོས་པའི་འབོད་སྐུལ་བཏང་།

ད་ལོའི་རྒྱལ་སྤྱིའི་ལོ་ཆུང་བུ་མོའི་ཉིན་མོའི་བརྗོད་སྙིང་ནི་ལོ་ཆུང་བུ་མོའི་སློབ་གསོའི་གསར་གཏོད་ཅེས་པ་དེ་ཡིན་ལ། ཕན་ཅི་བུན་གྱིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ལོ་ཆུང་བུ་མོར་ཁེ་དབང་སྩོལ་བ་དང་། ལོ་ཆུང་བུ་མོའི་འགྲོ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་པ། ལོ་ཆུང་བུ་མོར་དམིགས་པའི་མཐོང་ཆུང་དང་དྲག་ཤུགས་མེད་པར་བཟོ་བ་བཅས་ནི་མིའི་རིགས་ཀྱི་ཁྱིམ་གཞི་ཆེན་མོའི་གོང་འཕེལ་ལ་མཚོན་ན་གལ་འགངས་ཧ་ཅང་ཆེ་བ་དང་། ལོ་ཆུང་བུ་མོར་དགོས་ངེས་ཀྱི་སློབ་གསོ་འདོན་སྤྲོད་བྱེད་པ་ནི་དམིགས་འབེན་དེ་དག་མངོན་འགྱུར་བྱེད་པའི་ཐབས་ལམ་ཆེས་བཟང་བོ་ཞིག་ཡིན་ཡང་རྒྱལ་ཁབ་མང་བོར་ལོ་ཆུང་བུ་མོ་གང་མང་མང་ཞིག་སློབ་གསོའི་སྒོ་ཐེམ་ལ་འགོ་བའི་སྐལ་བ་མེད་པར་གྱུར་ཡོད་ཟེར།

ཕན་ཅི་བུན་གྱིས་བཤད་རྒྱུར། བྱིས་པ་དག་དང་ཁྱད་པར་དུ་ལོ་ཆུང་བུ་མོ་ཚང་མ་སློབ་གྲྭར་ཞུགས་ཐུབ་པར་བྱ་ཆེད། ཁོས་སློབ་གསོ་ཨང་དང་པོ་ཡིན་པའི་འཛམ་གླིང་ཡོངས་ཀྱི་རེ་འདོད་བཏོན་ཡོད་ཟེར། ཁོས་བཤད་རྒྱུར། ང་ཚོས་འཁྲིད་དགོས་པ་ནི་ལྟ་ཀློག་དང་རྩིས་རིག་ཙམ་མ་ཡིན་པར། དུས་རབས་ཉེར་གཅིག་པའི་རྙོག་འཛིང་གི་འགྲན་རྩོད་དང་ལེན་བྱེད་ཐུབ་པའི་འཛམ་གླིང་ཡོངས་ཀྱི་སྤྱི་དམངས་གསོ་སྐྱོང་བྱེད་དགོས། དོན་སྙིང་ལྡན་པའི་གྲུབ་འབྲས་ལེན་ཆེད། ང་ཚོས་བྱེད་ཐབས་གསར་བར་བརྟེན་ནས་ལོ་ཆུང་བུ་མོའི་སློབ་གསོའི་ཐད་ཀྱི་འགྲན་རྩོད་ཐག་གཅོད་བྱེད་དགོས་ལ། ངེས་པར་དུ་ན་གཞོན་པའི་བསམ་ཚུལ་ལ་ཉན་དགོས་ཟེར།

ཕན་ཅི་བུན་གྱིས་བསྟན་དོན། ཉིས་སྟོང་བཅོ་ལྔ་ལོའི་སྔོན་སྟོང་ལོའི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཉིས་སྟོང་བཅོ་ལྔ་ལོའི་རྗེས་ཀྱི་འཕེལ་རྒྱས་འཆར་གཞི་གཏན་འབེབས་བྱེད་པའི་བྱ་བ་ངེས་པར་དུ་འཛམ་གླིང་ཡོངས་ཀྱི་ལོ་ཆུང་བུ་མོར་སེམས་ཁུར་དང་ཁོ་མོ་ཚོའི་སྦས་ཤུགས་འདོན་སྤེལ་བྱེད་པར་དམིགས་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག