མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕེ་རུ་ནས་དངོས་སྐྱེལ་རླངས་འཁོར་ཞིག་བྲག་རོང་དུ་ལྷུང་བའི་དོན་རྐྱེན་བྱུང་སྟེ་མི51རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-14 09:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕེ་རུའི་གསར་འགྱུར་ལས་རིགས་ཀྱིས་ཚེས12ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཕེ་རུའི་ལྷོ་ཕྱོགས་ཀྱི་ཁུའུ་སི་ཁི་ཞིང་ཆེན་མངའ་ཁོངས་ཀྱི་རི་ལམ་ཞིག་ནས་ཉེ་སྔོན་དངོས་སྐྱེལ་རླངས་འཁོར་ཞིག་བྲག་རོང་དུ་ལྷུང་བའི་དོན་རྐྱེན་བྱུང་བ་དང་། མིག་སྔའི་བར་མི51རྐྱེན་ལམ་དུ་ཤོར་ཟེར།

བསྒྲགས་པ་ལྟར་ན། ས་གནས་དེའི་སྡོད་དམངས་ཁྱིམ་ཚང་འགའ་དུས་ཆེན་གྱི་འདུ་ཚོགས་ལ་ཞུགས་རྗེས་མཉམ་དུ་དངོས་སྐྱེལ་རླངས་འཁོར་ཞིག་ལ་བསྡད་དེ་ཕྱིར་རང་ཁྱིམ་དུ་ལོག ཚེས་བཅུ་གཅིག་ཉིན་གྱི་དགོང་མོའི་དུས་ཚོད་བདུན་ཡས་མས་སུ། དངོས་སྐྱེལ་རླངས་འཁོར་དེ་ཁུའུ་སི་ཁི་ཞིང་ཆེན་གྱི་མེ་སཱ་ཏཱ་ས་ཁུལ་གྱི་རི་ལམ་དོག་མོ་ཞིག་བརྒྱུད་སྐབས། གློ་བུར་དུ་གཞུང་ལམ་ལས་བརྒལ་ནས་གཏིང་ཚད་ལ་སྨིད་ཉིས་བརྒྱ་ལྷག་ཡོད་པའི་བྲག་རོང་དུ་ལྷུང་བ་རེད་ཟེར།

ཕེ་རུའི་དཔོན་ཕྱོགས་ཀྱིས་བཤད་རྒྱུར། མིག་སྔར་དོན་རྐྱེན་བྱུང་བའི་དངོས་སྐྱེལ་རླངས་འཁོར་དེར་མི་ག་ཚོད་དྲུད་ཡོད་པ་གསལ་བོར་མི་ཤེས་པ་དང་། རྒུད་སྐྱོབ་བྱ་བ་སྤེལ་བ་དང་བསྟུན་ནས་ཤི་བོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར།

མིག་སྔར་ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་པར་མ་ཟད། ཁ་ལོ་བ་ཡིས་ཆང་འཐུང་ཡོད་པའི་གནས་ཚུལ་རྒྱུས་ལོན་བྱུང་ཡོད།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག