མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་རྒྱལ་ཁབ་ཀྱིས་བྱང་ཆིངས་རྩ་འཛུགས་བར་འཕུར་མདའི་འགོག་སྲུང་མ་ལག་ཐད་ནས་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་བྱེད་འདོད་ཡོད་པར་བཤད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-29 11:23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་སྤྱི་ཟླ10བའི་ཚེས28ཉིན་བསྟན་དོན། ཨུ་རུ་སི་རྒྱལ་ཁབ་ཀྱིས་ཨ་མེ་རི་ཁ་དང་བྱང་ཆིངས་རྩ་འཛུགས་བར་འཕུར་མདའི་འགོག་སྲུང་མ་ལག་ཐད་ནས་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་བྱེད་པར་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་ཨུ་རུ་སི་དང་བུའུ་ཁི་ལན་རྒྱལ་ཁབ་བར་གྱི་ཨུ་ཡོན་ལྷན་ཁང་གི་རྒྱལ་སྤྱིའི་མཉམ་ལས་ཡན་ལག་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པའི་སྟེང་བཤད་རྒྱུར། ང་ཚོས་ཨ་མེ་རི་ཁ་དང་བྱང་ཆིངས་རྩ་འཛུགས་བར་གྲུབ་འབྲས་ལྡན་པའི་གྲོས་མོལ་བྱེད་པར་གྲ་སྒྲིག་བྱས་ཡོད་པ་དང་། ལྷག་བསམ་རྣམ་དག་གིས་བྱེད་ཐབས་འོས་འཚམ་ཞིག་འཚོལ་ཞིབ་བྱེད་བཞིན་ཡོད་ཀྱང་། ང་ཚོས་བལྟས་ཚོད་ཀྱིས་དུས་ཡུན་རིང་བོར་གྲོས་མོལ་བྱས་ཀྱང་། ཨ་མེ་རི་ཁས་འཕུར་མདའི་འགོག་སྲུང་མ་ལག་བཀོད་སྒྲིག་བྱེད་པའི་འཆར་འགོད་ལ་འགྱུར་ལྡོག་ཅི་ཡང་བྱུང་མེད་པའི་སྣང་ཚུལ་རྫུན་མ་དེ་འདྲར་ཁས་ལེན་བྱེད་མི་སྲིད་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སི་སྤྲོ་བ་ཡོད་པ་ནི་ཕྱོགས་མང་བོ་ནས་འཐབ་ཇུས་གཏན་འཇགས་དང་ས་ཁོངས་བརྟན་འཇགས་ལ་ཤུགས་སྣོན་བྱེད་རྒྱུ་དང་། ཆབ་སྲིད་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་འཇིགས་ཉེན་ཐག་གཅོད་བྱེད་རྒྱུ་དེ་ཡིན། ཨུ་རུ་སི་དང་བྱང་ཆིངས་རྩ་འཛུགས་བར་དངོས་གཉེར་གྱི་མཉམ་ལས་ཇུས་གཞི་རེ་འགའ་ཡོད་ཀྱང་། མཉམ་ལས་འབྲེལ་བ་དེ་རིགས་དེ་འདྲའི་གཏིང་ཟབ་མིན་པས། བདེ་འཇགས་ཁྱབ་ཁོངས་ནས་ཀྱང་ཡོ་རོབ་གླིང་རྒྱལ་ཁབ་བར་ཕན་ཚུན་རྒྱབ་བརྟེན་བྱེད་པའི་ཡིད་ཆེས་ཆེན་པོ་མེད་ཟེར།

ཨུ་རུ་སི་རྒྱལ་ཁབ་ཀྱིས2010ལོར་ལི་སི་པིན་གྱི་མཐོ་རིམ་གྲོས་ཚོགས་སྐབས་སུ་བྱང་ཆིངས་རྩ་འཛུགས་དང་མཉམ་དུ་ཡོ་རོབ་གླིང་གི་འཕུར་མདའི་འགོག་སྲུང་མ་ལག་ཐད་ནས་མཉམ་ལས་བྱེད་པར་འཐད་བྱུང་ཡང་། ཨ་མེ་རི་ཁས་ཨུ་རུ་སི་ལ་འཕུར་མདའི་འགོག་སྲུང་མ་ལག་འདོན་སྤྲོད་བྱེད་པ་ཨུ་རུ་སིར་དམིགས་པ་མིན་པའི་བཅའ་ཁྲིམས་འགན་སྲུང་ཁས་ལེན་མ་བྱས་སྟབས། མཉམ་ལས་གྲོས་མོལ་དེ་ཛ་དྲག་གི་གནས་སུ་ལྷུང་བར་མ་ཟད། དེའི་རྗེས་སུ་ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བའི་བཀག་རྒྱ་གཙོ་བོ་ཞིག་ཏུ་གྱུར་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག