མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁས་ནེའུ་ཙེ་ལན་བར་གྱི་དམག་དོན་གྲོས་མོལ་སླར་གསོ་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-29 11:23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཧཱ་ཀིར་གྱིས་སྤྱི་ཟླ10བའི་ཚེས28ཉིན་ཟུར་ལྔའི་ཐོག་ཁང་ཆེན་མོ་ནས་ནེའུ་ཙེ་ལན་གྱི་རྒྱལ་སྲུང་བློན་ཆེན་ཁིར་མན་དང་གྲོས་མོལ་བྱས། གྲོས་མོལ་བྱས་རྗེས་ཧཱ་ཀིར་གྱིས་ཁྱབ་སྒྲོག་བྱས་དོན། རྒྱལ་ཁབ་གཉིས་ཀྱིས་ལོ་ངོ་སུམ་ཅུ་ཙམ་ལ་རྒྱུན་ཆད་པའི་དམག་དཔུང་གཉིས་བར་གྱི་གྲོས་མོལ་སླར་གསོ་བྱེད་རྒྱུ་ཡིན་ཟེར།

ཧཱ་ཀིར་གྱིས་ཉིན་དེར་ཁིར་མན་དང་མཉམ་དུ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཞུགས་སྐབས་ཁྱབ་སྒྲོག་བྱས་དོན། ཨ་མེ་རི་ཁ་དང་ནེའུ་ཙེ་ལན་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གིས་ཟླ་བཅུ་གཅིག་པར་ཞཱ་ཝེ་ཡེ་ནས་དམག་དོན་གྲོས་མོལ་སླར་གསོ་བྱེད་རྒྱུ་ཡིན། དེ་ལས་གཞན་ནེའུ་ཙེ་ལན་གྱིས་ད་རུང་རྒྱ་མཚོའི་སྐོར་གཡེང་གྲུ་གཟིངས་ཤིག་ཡཱ་ཏེན་མཚོ་ཁུགས་སུ་མངག་སྟེ་རྒྱལ་ཁབ་མང་བོས་མཚོ་ཇག་ལ་ངོ་རྒོལ་བྱེད་པའི་ལས་འགན་ནང་ཞུགས་དགོས་པར་མ་ཟད། གྲུ་གཟིངས་དེ་ཞཱ་ཝེ་ཡེ་རུ་ཡོང་ནས་སང་ལོར་སྤེལ་རྒྱུ་ཡིན་པའི་ཞི་བདེ་རྒྱ་མཚོ་བསྐོར་བའི་དམག་དོན་སྦྱོང་བརྡར་ལ་ཞུགས་དགོས་ཟེར། དེ་ནི་ལོ་ངོ་སུམ་ཅུ་ཙམ་གྱི་རིང་ནེའུ་ཙེ་ལན་གྱི་དམག་གྲུས་ཨ་མེ་རི་ཁར་འཚམས་འདྲི་བྱས་པ་རེད།

1984ལོར་ནེའུ་ཙེ་ལན་གྱིས་ཉིང་རྡུལ་ནུས་པའི་སྒུལ་ཤུགས་ཅན་དང་ཉིང་རྡུལ་ནུས་པའི་མཚོན་ཆ་སྒྲིག་སྦྱོར་བྱས་པའི་གྲུ་གཟིངས་ནེའུ་ཙེ་ལན་གྱི་མཚོ་ཁོངས་དང་གྲུ་ཁར་ཡོང་མི་ཆོག་པ་ཁྱབ་སྒྲོག་བྱས་རྗེས། ཨ་མེ་རི་ཁ་དང་ནེའུ་ཙེ་ལན་གྱི་དམག་དོན་གྲོས་མོལ་མཚམས་ཆད་པ་རེད།

ཉེ་བའི་ལོ་འགའི་རིང་ཨ་མེ་རི་ཁའི་བདེ་འཇགས་གནད་ས་དེ་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོར་ཁ་ཕྱོགས་པ་དང་བསྟུན་ནས། ཨ་མེ་རི་ཁ་དང་ནེའུ་ཙེ་ལན་བར་གྱི་འགོག་སྲུང་འབྲེལ་བ་ཅུང་ཞི་འཇགས་སུ་སོང་བ་དང་། ཨ་མེ་རི་ཁས་ཉིས་སྟོང་བཅུ་གཉིས་ལོ་ནས་བཟུང་ནེའུ་ཙེ་ལན་གྱི་འགོག་སྲུང་བཀའ་རྒྱ་རེ་འགའ་རིམ་བཞིན་མེད་པར་བཏང་། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག