མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་རི་ཡཱའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་ཚོགས་ཁག་བཅུ་ཕྲག་འགས་ཞི་བའི་གྲོས་མོལ་ལ་ཞུགས་པར་མངོན་གསལ་གྱིས་ངོ་རྒོལ་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-29 11:23

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱིས་རི་ནེ་ཝའི་རྒྱལ་སྤྱིའི་ཞི་བའི་གྲོས་མོལ་ཐེངས་གཉིས་པ་བསྡུ་རྒྱུའི་གྲོས་གཞི་བཏོན་པ་དང་། དམིགས་ཡུལ་ནི་ཆབ་སྲིད་ཀྱི་ཐག་གཅོད་ཇུས་གཞི་ལ་བརྟེན་ནས་སི་རི་ཡཱའི་རྒྱལ་ནང་གི་འཐབ་འཁྲུག་མཇུག་སྒྲིལ་བའི་ཆེད་དུ་རེད།

སྤྱི་ཟླ10བའི་ཚེས27ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། སི་རི་ཡཱའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་ཚོགས་ཁག་ཉི་ཤུ་ཙམ་གྱིས་རི་ནེ་ཝའི་རྒྱལ་སྤྱིའི་ཞི་བའི་གྲོས་མོལ་ལ་ཞུགས་པར་མངོན་གསལ་གྱིས་ངོ་རྒོལ་བྱས་པ་དང་། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་ཚོགས་ཁག་དེ་དག་གིས་བསྟན་དོན། རི་ནེ་ཝ་རུ་བསྡུ་རྒྱུ་ཡིན་པའི་ཞི་བའི་གྲོས་མོལ་དེ་ནི་སི་རི་ཡཱའི་མང་ཚོགས་ཀྱི་གདམ་གསེས་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པའི་གསར་བརྗེའི་རེ་འདོད་དུ་འགྱུར་མི་སྲིད་ཟེར།

གོང་གི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་ཚོགས་ཁག་གིས་བལྟས་ན། རི་ནེ་ཝའི་ཞི་བའི་གྲོས་མོལ་ནི་གཡོ་ཇུས་ཤིག་ཡིན་པ་དང་། གཡོ་ཇུས་དེའི་དམིགས་ཡུལ་ནི་སི་རི་ཡཱའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་སྤེལ་བའི་གསར་བརྗེའི་བྱ་བ་དེ་གནས་ལུགས་དང་མི་མཐུན་པར་བརྗོད་དེ་མཐར་མཚམས་འཇོག་ཏུ་འཇུག་པའི་ཆེད་དུ་རེད་འདོད། རྒྱུས་ལོན་བྱུང་ན། གོང་གི་ཞི་བའི་གྲོས་མོལ་ལ་ཞུགས་མི་འདོད་པའི་སི་རི་ཡཱའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་ཚོགས་ཁག་ནང་སི་རི་ཡཱའི་རང་དབང་དམག་དཔུང་གི་ཁོངས་སུ་གཏོགས་པའི་ཚོགས་ཁག་མང་བོ་ཞིག་འདུས་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། རི་ནེ་ཝའི་རྒྱལ་སྤྱིའི་གྲོས་མོལ་ཡང་དང་བསྐྱར་དུ་རྗེས་སུ་སྣུར་བ་དང་། སི་རི་ཡཱའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་ཐེངས་འདིའི་གྲོས་ཚོགས་ནས་པཱ་ཧྲ་ཨར་གྱིས་དབང་ཆ་བསྐྱུར་བའི་རེ་བ་འདོན་དགོས་པར་བཤད་ཀྱང་། སི་རི་ཡཱའི་སྲིད་གཞུང་གིས་དོན་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག