མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཞི་ལཱ་དང་རྒྱལ་སྤྱིའི་བུན་བདག་གིས་དངུལ་བུན་སྟེར་བའི་ཆ་རྐྱེན་ཐད་གྲོས་མཐུན་བྱུང་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-19 11:04

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ངོ་བདུན་ལ་གྲོས་མོལ་བྱས་པ་བརྒྱུད། ཞི་ལཱ་དང་རྒྱལ་སྤྱིའི་བུན་བདག་གིས་ཚེས་བཅོ་བརྒྱད་ཉིན་རྒྱལ་སྤྱིའི་བུན་བདག་གིས་ཞི་ལཱ་ལ་རོགས་སྐྱོར་དངུལ་བུན་སྟེར་བའི་ཆ་རྐྱེན་ཐད་གྲོས་མཐུན་བྱུང་།

    ཞི་ལཱའི་ཙུང་ལི་སཱ་མཱ་ལཱ་སི་ཡིས་ཉིན་དེར་གྲོས་མཐུན་བཀོད་རྗེས་གསར་འགྱུར་ལས་རིགས་བཤད་རྒྱུར། རྒྱལ་སྤྱིའི་བུན་བདག་བར་གྱི་དུས་ཡུན་རིང་བོའི་གྲོས་མོལ་བདེ་བླག་ངང་མཇུག་སྒྲིལ་ཟེར། ཞི་ལཱའི་ནོར་སྲིད་བློན་ཆེན་སི་ཐུའུ་ནཱ་ལཱ་སི་ཡིས་བསྟན་དོན། ཐེངས་འདིའི་གྲོས་མོལ་ནི་སྐབས་རིམ་པའི་དངུལ་བུན་སྟེར་བའི་གྲོས་མོལ་ཁྲོད་ཆེས་དཀའ་ཁག་ཆེ་བའི་ཐེངས་ཤིག་རེད་ཟེར།

    སཱ་མཱ་ལཱ་སི་དང་སི་ཐུའུ་ནཱ་ལཱ་སི་གཉིས་ཀྱིས་གྲོས་མཐུན་དེའི་བྱེ་བྲག་གི་ནང་དོན་གསལ་བོར་མ་བཤད་ཀྱང་། གྲོས་མཐུན་དེའི་ནང་གྲོན་ཆུང་གི་བྱེད་ཐབས་གསར་བ་ལག་བསྟར་བྱེད་པ་འདུས་མེད་ཟེར། གྲོས་མཐུན་དེ་ལ་ཡོ་རོབ་གླིང་གི་སྒོར་མོ་བཀོལ་བའི་སྡེ་ཚོགས་ཀྱི་ནོར་སྲིད་བློན་ཆེན་དང་ཞི་ལཱའི་གྲོས་ཁང་གིས་ཆོག་མཆན་འགོད་དགོས་པ་དང་། དེའི་རྗེས་སུ་བུན་བདག་གིས་ད་གཟོད་ཞི་ལཱ་རྒྱལ་ཁབ་ལ་རོགས་སྐྱོར་དངུལ་བུན་སྟེར་རྒྱུ་རེད།

    གནས་ཚུལ་ཤེས་མཁན་གྱིས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ཐེངས་འདིའི་གྲོས་མོལ་ཁྲོད་གནད་དོན་གཙོ་བོ་འགར་གྲོས་མཐུན་བཀོད་པ་དང་། དེའི་ནང་སྤྱི་བའི་སྡེ་ཁག་གི་གཞི་རྒྱ་ཆེ་བའི་ལས་མི་ཉུང་འཕྲི་དང་། སྒེར་གཉེར་སྡེ་ཁག་གི་ལས་མིའི་བྱ་བ་ལེན་པའི་འགྲོ་ལུགས་སྟབས་བདེ་རུ་གཏོང་བ། དངུལ་ཁང་གི་དངུལ་བསྡུའི་ཇུས་གཞི། འོ་མ་དང་གོར་སོབ་ཚོང་རའི་རང་དབང་ཅན་སོགས་འདུས་ཡོད་ཟེར།

    སཱ་མཱ་ལཱ་སི་ཡིས་གསར་འགྱུར་ལས་རིགས་ལ་བསྟན་དོན། ཞི་ལཱའི་ནོར་སྲིད་གནས་ཚུལ་ཇེ་ལེགས་སུ་སོང་བར་དམིགས་ཏེ། སྲིད་གཞུང་གིས་ཡོ་སྒོར་དུང་ཕྱུར་ལྔ་བཏང་སྟེ། དངུལ་བུན་ཉམས་ཉེན་གྱི་ཤུགས་རྐྱེན་ཐེབས་པ་ཆེས་ཚབས་ཆེ་བའི་ཞི་ལཱའི་མི་ས་ཡ་གཅིག་ལ་རོགས་སྐྱོར་བྱེད་པའི་ཐད་བཀོལ་རྒྱུ་ཡིན་ཟེར།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག