མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨར་ཅི་རི་ཡཱའི་ནང་སྲིད་བློན་ཆེན་གྱིས་བྱེད་ཐབས་གང་རུང་སྤྱད་དེ་འདེམ་བསྐོའི་རྗེས་ཀྱི་གནས་བབ་བརྟན་འཇགས་ཡོང་བ་སྲུང་འཛིན་བྱེད་རྒྱུ་ཡིན་པར་བཤད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-19 11:41

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨར་ཅི་རི་ཡཱའི་ནང་སྲིད་བློན་ཆེན་པེ་ལེ་ཙི་ཡིས་ཚེས་བཅོ་བརྒྱད་ཉིན་བསྟན་དོན། ཨར་ཅི་རི་ཡཱའི་སྲིད་གཞུང་གིས་བྱེད་ཐབས་གང་རུང་སྤྱད་དེ་ཙུང་ཐུང་འདེམ་བསྐོའི་རྗེས་ཀྱི་རྒྱལ་ནང་གི་གནས་བབ་བརྟན་འཇགས་ཡོང་བ་སྲུང་འཛིན་བྱེད་རྒྱུ་ཡིན་ཟེར།

པེ་ལེ་ཙི་ཡིས་ཉིན་དེ་རྒྱལ་ས་ཨར་ཅིར་ནས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཁྱབ་སྒྲོག་བྱས་དོན། ད་ལྟའི་ཙུང་ཐུང་པུའུ་ཐི་ཧྥོ་ལེ་ཁཱ་ལ་ཚེས་བཅུ་བདུན་ཉིན་སྤེལ་བའི་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་ཡོད་ཟེར། དེའི་རྗེས་སུ་ཁོས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། འདེམ་ཤོག་འཕེན་པའི་ཉིན་དེར་རྒྱལ་ཡོངས་ཀྱི་གནས་བབ་སྤྱིའི་ཆ་ནས་ཅུང་བརྟན་འཇགས་ཡིན་པ་དང་། འདེམ་བསྐོ་མཇུག་སྒྲིལ་རྗེས་སྲིད་གཞུང་གི་དམག་དོན་སྡེ་ཁག་གིས་མུ་མཐུད་དུ་དོགས་ཟོན་མཐོར་འདེགས་བྱས་ཏེ། རྒྱལ་ཁབ་ཀྱི་གནས་བབ་བརྟན་འཇགས་ཡོང་བར་འགན་སྲུང་བྱས་ཟེར།

འདེམ་སྒུག་མི་སྣ་གཞན་པར་འདེམ་བསྐོའི་ཁྲོད་ལུགས་དང་མི་མཐུན་པའི་བྱ་སྤྱོད་ཡོད་པའི་དོགས་གཞི་འདྲི་སྐབས་པེ་ལེ་ཙི་ཡིས་བཤད་རྒྱུར། འདེམ་བསྐོ་དེ་འདེམ་ཤོག་འཕེན་པ་དང་ནས་འདེམ་ཤོག་རྩིས་ལེན་བྱེད་པ་གང་ཡིན་ཡང་མངོན་གསལ་དང་འདྲ་མཉམ། དྲང་བདེན་ཡིན་ཞིང་། འདེམ་ཤོག་འཕེན་སར་ཕྱོགས་སོ་སོ་ནས་ཡོང་བའི་ལྟ་རྟོག་མི་སྣ་བཀོད་སྒྲིག་བྱས་ཡོད་པ་དང་། ཕྱི་རྒྱལ་གྱི་ལྟ་ཞིབ་པས་ཀྱང་འདེམ་བསྐོའི་བྱ་འགུལ་དེ་རྒྱལ་སྤྱིའི་ཚད་གཞི་དང་མཐུན་པར་ཁས་ལེན་ཐོབ་ཡོད་ཟེར། ཁོས་བསྟན་དོན། ཙུང་ཐུང་གི་འདེམ་སྒུག་མི་སྣས་འབྲེལ་ཡོད་ལས་ཁུངས་ལ་ཁོ་ཚོའི་བསམ་འཆར་བཏོན་པ་ནི་བཅའ་ཁྲིམས་ལས་ཁོ་ཚོར་བསྩལ་བའི་ཁེ་དབང་ཡིན་པ་དང་། བྱ་སྤྱོད་དེ་དག་བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་ཁྱབ་ཁོངས་སུ་སྤེལ་བ་ཡིན་ཟེར།

པེ་ལེ་ཙི་ཡིས་ནན་གྱིས་བསྟན་དོན། རྒྱལ་ནང་གི་བརྟན་འཇགས་སྲུང་སྐྱོབ་བྱེད་པ་ནི་རྩ་ཁྲིམས་ཀྱིས་རྒྱལ་ཁབ་དམག་དོན་སྡེ་ཁག་ལ་བསྩལ་བའི་འགན་འཁྲི་ཡིན་པ་དང་། ཨར་ཅི་རི་ཡཱའི་མང་ཚོགས་ཀྱིས་ཆེས་མཐོང་ཆེན་བྱེད་པའི་ལས་དོན་ཞིག་ཀྱང་ཡིན་པས། སྲིད་གཞུང་གིས་བཅའ་ཁྲིམས་ལ་འགྲན་སློང་བའི་བྱ་སྤྱོད་ལ་ཀུ་ཡངས་གཏན་ནས་གཏོང་མི་སྲིད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག