མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་དཀར་པོ་དང་ཡཱ་མེ་ནི་ཡཱའི་ཕྱི་འབྲེལ་བློན་ཆེན་གྱིས་ཡཱ་མེ་ནི་ཡཱ་སྒོ་ཁྲལ་མནའ་མཐུན་ནང་ཞུགས་པའི་གནད་དོན་ལ་གྲོས་བསྡུར་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-22 10:32

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སི་དཀར་པོའི་ཕྱི་འབྲེལ་བློན་ཆེན་མཱ་ཁའེ་ཡིས་ཚེས་ཉེར་གཅིག་ཉིན་ཨུ་རུ་སི་དཀར་པོའི་རྒྱལ་ས་མེན་སི་ཁི་ནས་འཚམས་འདྲིར་ཡོང་བའི་ཡཱ་མེ་ནི་ཡཱའི་ཕྱི་འབྲེལ་བློན་ཆེན་ནཱ་ཨར་པན་ཅང་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་དང་དཔལ་འབྱོར་ཉོ་ཚོང་། མི་གཞུང་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུའི་ཚུལ་བསྟན་པ་དང་། ཞོར་དུ་ད་རུང་ཡཱ་མེ་ནི་ཡཱ་རྒྱལ་ཁབ་དེ་ཨུ་རུ་སི་དང་ཨུ་རུ་སི་དཀར་པོ། ཧཱ་སག་སི་ཐན་བཅས་རྒྱལ་ཁབ་གསུམ་གྱི་སྒོ་ཁྲལ་མནའ་འབྲེལ་ནང་ཞུགས་པའི་གནད་དོན་ལ་ཆེད་དུ་གྲོས་བསྡུར་བྱས།

གྲོས་མོལ་བྱེད་སྐབས་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་སོ་སོར་བསྟན་དོན། ཕྱོགས་གཉིས་ཀྱིས་མིག་སྔའི་ཨུ་རུ་སི་དཀར་པོ་དང་ཡཱ་མེ་ནི་ཡཱ་རྒྱལ་ཁབ་གཉིས་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བར་གདེང་འཇོག་ཚད་མཐོན་པོ་བྱས་པ་དང་། ཁྱད་པར་དུ་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་གྲོས་མོལ་འབྲེལ་བ་ཉེ་བའི་ལོ་འགའི་རིང་ཆུ་ཚད་གསར་བ་ཞིག་ཏུ་འཕེལ་རྒྱས་བྱུང་བ་དང་ཁྱབ་ཁོངས་སོ་སོའི་འགྲོ་འོང་ཇེ་ཟབ་ཏུ་སོང་ཡོད་ལ། རྒྱལ་ཁབ་གཉིས་བར་ཐག་གཅོད་བྱེད་མི་ཐུབ་པའི་འགལ་བ་ཅི་ཡང་མེད་ཟེར། ཕྱོགས་གཉིས་ཀྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱིས་དེང་སྐབས་ཀྱི་འཛམ་གླིང་གི་གནས་བབ་ཐད་ནས་ལྟ་ཚུལ་བརྗེ་རེས་བྱས་པ་དང་། མིག་སྔར་རྒྱལ་ཁབ་གཉིས་ཀྱིས་རྒྱལ་སྤྱིའི་རྩ་འཛུགས་སོ་སོའི་ཁྲོད་ཀྱི་མཉམ་ལས་ལ་གྲུབ་འབྲས་བཟང་བོ་ཐོབ་ཡོད་ལ། ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་སྤྱིའི་ལས་དོན་ཁྲོད་ནས་ཕན་ཚུན་རྒྱབ་སྐྱོར་དང་མཉམ་ལས་བྱེད་རྒྱུ་ཡིན་ཟེར།

དེའི་ཞོར་དུ་ཕྱི་འབྲེལ་བློན་ཆེན་གཉིས་ཀྱིས་ད་རུང་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་བའི་ཞོར་དུ། རྒྱལ་ཁབ་གཉིས་བར་སྔར་བཞིན་མཉམ་ལས་ཀྱི་སྦས་ཤུགས་ཆེན་པོ་ཡོད་ཀྱང་སྔོག་འདོན་བྱས་མེད་པས། དེ་ནི་ཕྱོགས་གཉིས་ཀྱིས་ཕྱིན་ཆད་འབད་བརྩོན་བྱེད་པའི་ཁ་ཕྱོགས་ཡིན་ཟེར།

གྲོས་མོལ་བྱས་རྗེས་བསྡུས་པའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ནཱ་ཨར་པན་ཅང་གིས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་གྲོས་མོལ་བྱེད་སྐབས་ཕྱོགས་གཉིས་དང་ས་ཁུལ། རྒྱལ་སྤྱི་བཅས་ཀྱི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་ཟབ་མོ་བྱས་ཏེ་ཐུན་མོང་གི་ལྟ་ཚུལ་མང་དུ་བྱུང་ཡོད། ཕྱོགས་གཉིས་ཀྱིས་ད་རུང་ཡཱ་མེ་ནི་ཡཱ་རྒྱལ་ཁབ་ཨུ་རུ་སི་དང་ཨུ་རུ་སི་དཀར་པོ། ཧཱ་སག་སི་ཐན་བཅས་རྒྱལ་ཁབ་གསུམ་གྱི་སྒོ་ཁྲལ་མནའ་འབྲེལ་ནང་ཞུགས་པའི་གནད་དོན་ལ་གྲོས་བསྡུར་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་མནའ་མཐུན་ནང་ཞུགས་པའི་གོ་རིམ་གསལ་བོ་བྱས།

མཱ་ཁའེ་ཡིས་བཤད་རྒྱུར། ཐེངས་འདིའི་གྲོས་མོལ་སྐབས་སུ་ཕྱོགས་གཉིས་ཀྱིས་ན་ནིང་ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ཡིས་ཡཱ་མེ་ནི་ཡཱ་རུ་འཚམས་འདྲི་བྱེད་སྐབས་རྒྱལ་ཁབ་གཉིས་ཀྱིས་བཀོད་པའི་གྲོས་མཐུན་སྣ་ཚོགས་དངོས་འབེབ་བྱས་པའི་གནས་ཚུལ་ལ་སྤྱི་བསྡོམས་བྱས་པ་དང་། ཕྱོགས་གཉིས་ཀྱིས་གྲོས་མཐུན་དངོས་འབེབ་བྱས་པའི་འཕེལ་རིམ་ལ་ཡིད་ཚིམས་པའི་བསམ་ཚུལ་བསྟན། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཡིད་ཆེས་ཇེ་ཟབ་ཏུ་སོང་བ་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས་འབྲེལ་བ་མྱུར་མོར་འཕེལ་རྒྱས་སུ་སོང་ཡོད་ལ། མི་གཞུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲུབ་འབྲས་བཟང་བོ་ཐོབ་ཡོད་ཟེར། མཱ་ཁའེ་ཡིས་ད་རུང་བཤད་རྒྱུར། ཡཱ་མེ་ནི་ཡཱའི་ཙུང་ཐུང་སཱ་ཨར་ཅི་ཞང་གིས་མི་འགྱར་པར་ཨུ་རུ་སི་དཀར་པོར་འཚམས་འདྲི་བྱེད་རྒྱུ་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག