མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་བལྟས་ན་སི་རི་ཡཱའི་འདེམ་བསྐོ་ཆེན་མོས་ཆབ་སྲིད་འཕེལ་རིམ་ལ་གཏོར་བརླག་ཐེབས་སྲིད་པར་འདོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-22 10:32

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་ཡིས་ཚེས21ཉིན་བཤད་རྒྱུར། དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་དང་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རབ་མནའ་འབྲེལ་བཅས་ཀྱི་སི་རི་ཡཱའི་ཉམས་ཉེན་གྱི་མཉམ་འབྲེལ་དམིགས་བསལ་འཐུས་མི་པུའུ་ལཱ་ཞི་མུས་ཀྱིས་བལྟས་ན། སི་རི་ཡཱའི་ཙུང་ཐུང་འདེམ་བསྐོ་བྱ་ནས་ཆབ་སྲིད་འཕེལ་རིམ་ལ་གཏོར་བརླག་ཐེབས་སྲིད་པར་འདོད་ཡོད་ཟེར།

ཏིས་ཡཱ་ལི་ཁི་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་འབྲེལ་ཡོད་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། ཕན་ཅི་ཝུན་དང་པུའུ་ལཱ་ཞི་མུས་གཉིས་ཀྱིས་དེང་སྐབས་ཀྱི་གནས་ཚུལ་འོག་འདེམ་བསྐོའི་བྱ་འགུལ་སྤེལ་ན་ཆབ་སྲིད་འཕེལ་རིམ་ལ་གཏོར་བརླག་ཐེབས་ཏེ། སི་རི་ཡཱ་ལ་མཁོ་གལ་ཆེ་བ་དང་ཆབ་སྲིད་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་པའི་མདུན་ལྗོངས་ལ་གནོད་པ་ཐེབས་སྲིད་པའི་ཉེན་བརྡ་བཏང་ཡོད་ཟེར། ཏིས་ཡཱ་ལི་ཁི་ཡིས་བཤད་རྒྱུར། འདེམ་བསྐོ་དེ་རི་ནེ་ཝའི་སྤྱི་སྒྲོག་གི་ཡིག་ཐོག་གི་ནང་དོན་དང་ཡང་ན་དགོངས་དོན་གང་ཡིན་ཡང་མི་འཚམ། ཡིན་ན་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མུ་མཐུད་དུ་གོ་སྐབས་འཚོལ་ཞིབ་བྱས་ཏེ་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། སི་རི་ཡཱའི་མི་དམངས་གྲོས་ཁང་གི་གྲོས་དཔོན་ལཱ་ཧཱ་མུའུ་ཡིས་ཚེས་ཉེར་གཅིག་ཉིན་ཏཱ་མཱ་ཧྲི་ཀི་ནས་ཁྱབ་སྒྲོག་བྱས་དོན། སི་རི་ཡཱའི་མངའ་ཁོངས་ཀྱི་ཙུང་ཐུང་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་བ་དེ་ཟླ་དྲུག་པའི་ཚེས་གསུམ་ཉིན་སྤེལ་རྒྱུ་ཡིན་པ་དང་། ཙུང་ཐུང་གི་འདེམ་སྒུག་མི་སྣའི་ཐོ་འགོད་བྱ་བ་ཟླ་འདིའི་ཚེས་ཉེར་གཉིས་ཉིན་ནས་མགོ་རྩོམ་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག