མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་ཡིས་ཨ་མེ་རི་ཁས་ཝུའུ་ཁི་ལན་གྱི་དབང་འཛིན་ལས་ཁུངས་ལ་ཁ་ཏ་བྱས་ཏེ་དམག་དོན་འགུལ་སྐྱོད་མཚམས་འཇོག་ཏུ་འཇུག་དགོས་པའི་འབོད་སྐུལ་བཏང་།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།  2014-06-15 11:47

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་བཅུ་བཞིའི་ཉིན་ཨ་མེ་རི་ཁས་ཝུའུ་ཁི་ལན་གྱི་དབང་འཛིན་ལས་ཁུངས་ལ་ཁ་ཏ་བྱས་ཏེ་ཝུའུ་ཁི་ལན་ཤར་ལྷོ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་མཚམས་འཇོག་དུ་འཇུག་དགོས་པའི་འབོད་སྐུལ་བཏང་། 

    ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་ཝུའུ་ཁི་ལན་གྱི་གནས་བབ་ཐད་ནས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ལ་ཁ་པར་བཏང་། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཨ་མེ་རི་ཁས་ཝུའུ་ཁི་ལན་གྱི་དབང་འཛིན་ལས་ཁུངས་ལ་ཁ་ཏ་བྱས་ཏེ་ཝུའུ་ཁི་ལན་ཤར་ལྷོ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་མཚམས་འཇོག་ཏུ་འཇུག་དགོས་པ་དང་། ཟླ་བཞི་བའི་ཚེས་བཅུ་བདུན་ཉིན་བཀོད་པའི་རི་ནེ་ཝའི་ཡིག་ཆ་དང་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་ལམ་ཐིག་འཆར་གཞིའི་རྨང་གཞིའི་སྟེང་དམངས་ཡོངས་ཀྱི་གྲོས་མོལ་རྒྱ་ཆེར་སྤེལ་དགོས་པའི་འབོད་སྐུལ་བཏང་།

    ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་ཀྱིས་འཁྲུག་རྩོད་མཚམས་འཇོག་རྒྱུའི་ཁས་ལེན་བྱས་ཀྱང་དམག་དོན་འགུལ་སྐྱོད་སྔར་བཞིན་སྤེལ་གྱིན་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་ཀྱིས་སྡོད་དམངས་སྡོད་སར་བར་སྣང་ནས་འཇབ་རྒོལ་བྱས་ཏེ་མི་སེར་དཀྱུས་མ་མང་བོར་རྐྱེན་ལམ་དུ་ཤོར། དེ་ལས་གཞན་ཝུའུ་ཁི་ལན་གྱི་དམག་མིས་ད་རུང་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་མཐའ་མཚམས་ས་ཁུལ་དུ་དཀྲུག་འཕེན་བྱ་སྤྱོད་སྤེལ་བཞིན་ཡོད་ཟེར།

    ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཨ་མེ་རི་ཁས་རང་སྟེང་གི་ཤུགས་རྐྱེན་ལ་བརྟེན་ནས་ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་ཀྱིས་དངོས་ཡོད་དང་མཐུན་པའི་སྒོ་ནས་གནས་བབ་ལ་དཔྱད་འཇོག་བྱེད་པར་ཡར་སྐུལ་དང་། ཤར་ལྷོའི་ས་ཁུལ་གྱི་འཐུས་མི་དང་མཉམ་དུ་མྱུར་མོར་འཁྲུག་རྩོད་མཚམས་འཇོག་པ་དང་། རྨས་ཕོག་པའི་མང་ཚོགས་ལ་བྲེལ་མྱུར་གྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་པའི་ཐད་ནས་ཐད་ཀར་གྲོས་མོལ་བྱེད་པར་སྐུལ་མ་གཏོང་དགོས་བའི་འབོད་སྐུལ་བཏང་།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག