མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སི་དང་འཇར་མན། ཨུ་རུ་སི་བཅས་ཀྱི་མགོ་ཁྲིད་པས་ཁ་པར་བརྒྱུད་དེ་ཝུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱས།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།  2014-06-15 11:47

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཚེས་བཅུ་བཞིའི་ཉིན་སྤེལ་བའི་སྤྱི་སྒྲོག་ལས་བཤད་རྒྱུར། ཉིན་དེའི་ཕྱི་དྲོར་ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་དང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་བཅས་ཀྱིས་ཕན་ཚུན་ཁ་པར་བཏང་སྟེ། ཝུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱས་ཟེར།

    སྤྱི་སྒྲོག་ལས་བཤད་རྒྱུར། ཨོ་ལིང་ཏི་དང་མའོ་ཁི་ཨར་གྱིས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་འཁྲུག་རྩོད་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་དང་། ཁོ་ཚོས་ཉིན་དེའི་སྔ་དྲོར་དམག་བཀོལ་སྐྱེལ་འདྲེན་གནམ་གྲུ་ཞིག་ལུའུ་ཀན་སི་ཁི་གནམ་གྲུ་ཐང་གི་བར་སྣང་ནས་སར་འཕང་སྟེ་མི་ཞེ་དགུ་རྐྱེན་ལམ་དུ་ཤོར་བའི་དོན་རྐྱེན་ལ་དེ་བསྐྱང་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ཟེར།

    ཨོ་ལིང་ཏི་དང་མའོ་ཁི་ཨར་གྱིས་བསྟན་དོན། ཝུའུ་ཁི་ལན་འབྲེལ་ཡོད་ཕྱོགས་ཀྱིས་མྱུར་དུ་འཁྲུག་རྩོད་མཚམས་འཇོག་པར་གལ་འགངས་ཧ་ཅང་ཆེ་ཟེར། ཁོ་ཚོས་ཆ་རྐྱེན་གསར་བསྐྲུན་བྱས་ཏེ་གནས་བབ་ཞི་འཇགས་སུ་གཏོང་དགོས་པ་དང་། ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་དམངས་ཁྲོད་དྲག་ཆས་པས་འཐབ་འཁྲུག་མཇུག་སྒྲིལ་དུ་འཇུག་དགོས་པའི་རེ་བ་བཏོན། ཁོ་ཚོས་ད་རུང་ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་རང་བྱུང་སོལ་རླངས་ཀྱི་མཁོ་འདོན་ཐད་ནས་གྲོས་མཐུན་འགོད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས།

    ཨུ་རུ་སིའི་ཙུང་ཐུང་གསར་འགྱུར་ཅུའུ་ཡིས་ཚེས་བཅུ་བཞིའི་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཨུ་རུ་སི་དང་འཇར་མན། ཧྥ་རན་སི་བཅས་རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་ཝུའུ་ཁི་ལན་གྱི་གནས་བབ་དང་། ཝུའུ་ཁི་ལན་གྱི་རང་བྱུང་སོལ་རླངས་ཀྱི་དངུལ་བུན་གནད་དོན། དེ་མིན་ཡོ་རོབ་གླིང་མནའ་འབྲེལ་དང་ཝུའུ་ཁི་ལན་གྱིས་འབྲེལ་གཏུག་རྒྱལ་ཁབ་ཀྱི་གྲོས་ཆོད་འགོད་པ་སོགས་འབྲེལ་ཡོད་གནད་དོན་ལ་གྲོས་བསྡུར་བྱས་པ་དང་། ཕྱོགས་གསུམ་གྱིས་ད་རུང་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་འདོན་པའི་གནད་དོན་གླེང་།

    དེའི་སྔོན་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་གསལ་སྒྲོག་སྤེལ་ཏེ་ཁྱབ་སྒྲོག་བྱས་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཟླ་འདིའི་ཚེས་ཉེར་བདུན་ཉིན་ཝུའུ་ཁི་ལན་བར་ཕྱོགས་གཉིས་ཀྱིས་རང་དབང་ཉོ་ཚོང་གཏིང་ཟབ་ཏུ་སྤེལ་བའི་ནང་དོན་སོགས་འདུས་པའི་འབྲེལ་གཏུག་རྒྱལ་ཁབ་ཀྱི་གྲོས་ཆོད་འགོད་རྒྱུ་ཡིན་ཟེར།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག