མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་དབྱི་རག་ཏུ་འཚམས་འདྲི་བྱས་ཏེ་བཟོད་སྒོམ་རང་བཞིན་གྱི་སྲིད་གཞུང་འཛུགས་དགོས་པའི་འབོད་སྐུལ་བཏང་།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-25 11:27

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པཱ་ཀ་ཏཱ་རུ་འཚམས་འདྲི་བྱེད་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་ཉེར་བཞིའི་ཉིན་བཤད་རྒྱུར། དབྱི་རག་གི་འཚོ་སྡོད་ལ་འཇིགས་ཉེན་ཆེན་པོ་བྱུང་ཡོད་པ་དང་། བཟོད་སྒོམ་རང་བཞིན་ཆེར་ལྡན་པའི་སྲིད་གཞུང་ཞིག་བཙུགས་ན་མིག་སྔའི་དཀའ་ཁག་ཁྱད་སེལ་བྱེད་ཐུད་ཟེར།

ཕན་ཅི་ཝུན་གྱིས་དབྱི་རག་གི་ཙུང་ལི་མཱ་ལེ་ཅི་དང་གྲོས་མོལ་བྱས་རྗེས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། གསར་དུ་བཙུགས་པའི་དབྱི་རག་སྲིད་གཞུང་གིས་ངེས་པར་དུ་རྒྱལ་ཡོངས་རིགས་སོ་སོའི་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་བདེ་འཇགས་དང་། ཆབ་སྲིད། སྤྱི་ཚོགས། དཔལ་འབྱོར་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ། དབྱི་རག་གི་མི་སུ་ཡིན་ཡང་སྲིད་གཞུང་གིས་རང་ཉིད་ཀྱི་ཁེ་ཕན་གྱི་ཚབ་བྱེད་པའི་ཚོར་སྣང་སྐྱེས་སུ་འཇུག་དགོས་ཟེར།

ཕན་ཅི་ཝུན་གྱིས་དབྱི་རག་ཏུ་དྲག་ཤུགས་དོན་རྐྱེན་མང་དུ་འབྱུང་བཞིན་པར་སེམས་ཁུར་བྱེད་བཞིན་ཡོད་པ་དང་། དབྱི་རག་ཕྱོགས་ཁག་སོ་སོའི་མགོ་ཁྲིད་པ་དག་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་ལ་ཞུགས་ཏེ། འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ་དང་། དམངས་གཙོའི་འཕེལ་རིམ་དང་ལམ་ལུགས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། ཁྲིམས་སྐྱོང་དང་འགྲོ་མིའི་ཐོབ་ཐང་ལ་བརྩི་འཇོག་བྱས་ཏེ། བཟོད་སྒོམ་རང་བཞིན་གྱི་འཕེལ་རྒྱས་ལ་ཡར་སྐུལ་གཏོང་དགོས་པའི་སྐུལ་མ་བཏང་།

མཱ་ལེ་ཅི་ཡིས་གྲོས་མོལ་བྱེད་སྐབས་ཕན་ཅི་ཝུན་ལ་ཁས་ལེན་བྱས་དོན། མིག་སྔར་དབྱི་རག་རྒྱལ་ཁབ་དཀའ་ཁག་མང་བོར་འཕྲད་ཡོད་ཀྱང་། དམངས་གཙོའི་འཕེལ་རིམ་སྔར་བཞིན་སྤེལ་རྒྱུ་ཡིན་པ་དང་། ཏང་ཁག་སོ་སོས་བཅའ་ཁྲིམས་ནང་གཏན་འཁེལ་བྱས་པའི་ལས་རིམ་ལྟར་སྲིད་གཞུང་རྩ་འཛུགས་བྱེད་པའི་བྱ་བར་ཞུགས་རྒྱུ་ཡིན་ཟེར།

ཕན་ཅི་ཝུན་ཚེས་ཉེར་བཞིའི་ཉིན་གྱི་སྔ་དྲོར་པཱ་ཀ་ཏཱ་རུ་འབྱོར་ནས། དབྱི་རག་ཏུ་ཁོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འགན་ཁུར་བའི་ཚུན་གྱི་འཚམས་འདྲི་ཐེངས་དྲུག་པ་བྱེད་མགོ་བརྩམས།

ན་ནིང་ལོ་མགོའི་ཚུན་ལ། དབྱི་རག་ཏུ་འཇིགས་སྐུལ་བྱ་འགུལ་དང་དྲག་ཤུགས་འཇབ་རྒོལ་དོན་རྐྱེན་མང་དུ་བྱུང་བ་དང་། ད་ལོའི་ཟླ་དྲུག་པའི་ཚུན་ལ། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་ཐལ་སྤྱོད་དྲག་ཆས་རྩ་འཛུགས་ཀྱིས་དབྱི་རག་བྱང་ཕྱོགས་དང་ནུབ་ཕྱོགས་ཀྱི་ཡུལ་མང་བོ་བཙན་བཟུང་བྱས་པར་མ་ཟད། རྒྱལ་ཡོངས་ཀྱི་ས་ཆ་མང་བོ་ནས་དབྱི་རག་གི་བདེ་འཇགས་དམག་དཔུང་བར་འཁྲུག་རྩོད་དྲག་པོ་བྱས་སྟབས། དབྱི་རག་གི་བདེ་འཇགས་གནས་བབ་སྔར་ལས་ཇེ་སྡུག་ཏུ་སོང་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག