མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་བོས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱིས་དམག་འཁྲུག་མཚམས་འཇོག་པའི་མི་ཆོས་རིང་ལུགས་ཐད་ཀྱི་གྲོས་གཞི་དང་ལེན་བྱེད་རྒྱུའི་འབོད་སྐུལ་བཏང་།

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-26 10:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་དཔོན་པོ་ཧྲུའུ་ཁའེ་ལེ་དང་། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་དང་ཨ་རབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཨ་ལ་པེ་བཅས་ཀྱིས་ཚེས་ཉེར་ལྔ་ཉིན་གྱི་དགོང་མོར་ཁའེ་ལོ་ནས་བསྡུས་པའི་་མཉམ་འབྲེལ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱིས་དམག་འཁྲུག་མཚམས་འཇོག་པའི་མི་ཆོས་རིང་ལུགས་ཐད་ཀྱི་གྲོས་གཞི་གསར་བ་དང་ལེན་བྱས་ཏེ། དབྱི་སི་ལན་ཆོས་ལུགས་ཀྱི་སྙུང་གྲོལ་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ་ཁྲག་བཞུར་འཁྲུག་རྩོད་མཚམས་འཇོག་རྒྱུ་མ་ཟད། དམག་འཁྲུག་མཚམས་འཇོག་པའི་དུས་ཚོད་དེ་ཉུང་མཐར་ཡང་ཉིན་བདུན་ལ་རྒྱུན་འཁྱོངས་བྱེད་རྒྱུའི་གྲོས་གཞི་བཏོན།

ཁི་ལེ་ཡིས་བཤད་རྒྱུར། གྲོས་གཞི་དེའི་ཐད་ནས་དབྱི་སི་རལ་དང་ཕ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སིའི་བར་དུ་ལྟ་བ་གཅིག་མཐུན་བྱུང་མེད་ན་ཡང་། བར་འདུམ་བྱེད་པའི་ཕྱོགས་སོ་སོས་འབད་བརྩོན་བྱེད་མཚམས་འཇོག་མི་སྲིད་ཟེར། དེ་དང་མཉམ་དུ་ཁོས་གནས་སྐབས་སུ་དམག་འཁྲུག་མཚམས་འཇོག་པའི་གྲོས་གཞི་དེས་མཇུག་མཐར་དམག་འཁྲུག་ཡོངས་སུ་མཚམས་འཇོག་པར་ཡར་སྐུལ་བྱེད་ཐུབ་རྒྱུའི་རེ་བ་བཅངས་ཡོད་ཅེས་བཤད།

ཧྲུའུ་ཁའེ་ལེ་ཡིས་ཨེ་ཅིབ་རྒྱལ་ཁབ་ཀྱིས་སྔར་བཞིན་ཉེ་སྔོན་བཏོན་པའི་དམག་འཁྲུག་མཚམས་འཇོག་པའི་གྲོས་གཞི་དེ་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་མོད། ཡིན་ནའང་མིག་སྔར་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱིས་གྲོས་གཞི་དེ་དང་ལེན་བྱེད་པའི་ཐད་ནས་འདོད་བློ་ཅི་ཡང་བསྟན་མེད་ཅེས་བཤད།

ཕན་ཅི་ཝུན་གྱིས་དམག་འཁྲུག་མཚམས་འཇོག་པའི་མི་ཆོས་རིང་ལུགས་ཐད་ཀྱི་གྲོས་གཞི་དེར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན་པ་དང་། ཕ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་གྲོས་གཞི་དེ་དང་ལེན་བྱེད་རྒྱུ་མ་ཟད་ཡང་བསྐྱར་གྲོས་མོལ་བྱེད་རྒྱུའི་རེ་བ་བཏོན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཅ་ཧྲ་ས་ཁུལ་གྱི་ཁྲག་བཞུར་འཁྲུག་རྩོད་མྱུར་དུ་མཚམས་འཇོག་པར་རེ་སྒུག་བྱས་ཡོད་ཅེས་བཤད།

ཨེ་ཅིབ་ཀྱིས་ཟླ་འདིའི་ཚེས་བཅུ་བཞི་ཉིན་ཕ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ལ་ཆ་རྐྱེན་ཅི་ཡང་མེད་པར་དམག་འཁྲུག་མཚམས་འཇོག་རྒྱུའི་གྲོས་གཞི་བཏོན་པ་དང་། དབྱི་སི་རལ་ཕྱོགས་ཀྱིས་ཚེས་བཅོ་ལྔ་ཉིན་གྲོས་གཞི་དེ་དང་ལེན་བྱེད་རྒྱུའི་ཐག་བཅད་ན་ཡང་། ཧ་མ་སི་ཡིས་དེའི་རྗེས་སུ་དམག་འཁྲུག་མཚམས་འཇོག་པའི་གྲོས་གཞི་དེ་དང་ལེན་མ་བྱས། ཚེས་བཅུ་བདུན་ཉིན་ཕ་ལེ་སི་ཐན་དང་དབྱི་སི་རལ་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ཀྱི་གྲོས་གཞི་དང་ལེན་བྱས་ཏེ། ཉིན་དེའི་དུས་ཚོད་བཅུ་ཐམ་པ་ནས་བཟུང་སྟེ་དུས་ཚོད་ལྔའི་རིང་ལ་དམག་འཁྲུག་མཚམས་བཞག་སྟེ། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་དངོས་རྫས་ཅ་ཧྲ་ས་ཁུལ་ལ་སྐྱེལ་བར་སྟབས་བདེ་བཟོས།

ཕ་ལེ་སི་ཐན་འཕྲོད་བསྟེན་སྡེ་ཁག་གི་གྲངས་ཀ་ལྟར་ན། མིག་སྔའི་བར་དུ། དབྱི་སི་རལ་གྱི་དམག་དཔུང་གིས་བསླངས་པའི་རལ་གྲིའི་འགུལ་སྐྱོད་ཅེས་པའི་ཁྲོད་དུ་ཕ་ལེ་སི་ཐན་པ་བརྒྱད་བརྒྱ་ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་ལྔ་ལྷག་ལ་རྨས་ཕོག འདས་པོ་དང་རྨས་མ་མང་ཆེ་ཤོས་ནི་མི་སེར་རེད་ཟེར། དབྱི་སི་རལ་ཕྱོགས་ནས་ཀྱང་དམག་མི་བཅུ་ཕྲག་འགའ་རྐྱེན་ལམ་དུ་ཤོར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག